དབུ་ཤོག>གསར་འགྱུར།
  • གནའ་བོའི་སྲང་ལམ་ཉམས་སྣང་དོད། དྲོ་སྐྱིད་སེམས་པ་ཡོངས་ལ་ཁྱབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-04

    527257_yis_1530250241868.jpg

    འདི་ནི་བར་སྐོར་ཁྲོམ་གཞུང་དུ་གནས་པའི་བླ་བྲང་རྙིང་པའི་རྟ་ར་སྒོ་ར་ཆེ་མོའི་ཕྱིའི་རྣམ་པ་ཡིན་པ། སྒོ་ར་ཆེ་མོ་དེ་ནི་2014ལོའི་ཁྲེང་ཀོན་ཆུས་ཀྱི་གྲོང་ཁུལ་རྙིང་པའི་ཉེན་ཡོད་སྡོད་ཁང་གི་སྤྱི་པའི་བོགས་གཏོང་ཁང་པའི་སྒྱུར་བཀོད་རྣམ་གྲངས་ཀྱི་གྲས་ཤིག་རེད།

    དབྱངས་སྒྲོན། གྲོང་མི་རྙིང་པའི་འཚོ་བ་གསར་པ།

    ཉིན་དགུང་མཚམས་སུ། རྒན་མོ་དབྱངས་སྒྲོན་ཁྱིམ་གྱི་སྒེའུ་ཁུང་ནས་པང་གཅལ་གསར་པའི་སྟེང་ཉི་འོད་འཕྲོ་བ་དང་། སྒྲོག་ཙེའི་ཐོག་གི་ཇ་སྲུབ་མའི་དྲི་ཞིམ་ལྷང་ལྷང་དུ་འཐུལ། རྒན་མོ་དབྱངས་སྒྲོན་ཚོམས་ཆེན་གྱི་འབོལ་ཁྲི་གསར་པའི་ཐོག་བསྡད་དེ་བརྙན་འཕྲིན་ལྟ་བཞིན་ཡོད།

    རྒན་མོ་དབྱངས་སྒྲོན་འདི་ལོ་ལོ་81ལ་སླེབས་པ་དང་བར་སྐོར་ཁྲོམ་གཞུང་གི་གྲོང་མི་རྙིང་པ་ཡིན། ཁོང་དང་བཟའ་ཟླ་རང་གི་བུ་དང་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད། བགྲེས་སོང་གཉིས་ཀྱི་བུ་འདི་ལོ་གཞུང་ལས་པར་ཡིག་རྒྱུགས་འཕྲོད་མ་ཐག་ཡིན་པ་རེད།

    བར་སྐོར་ཁྲོམ་གཞུང་གི་འགྱུར་ལྡོག་སྐོར་གླེང་སྐབས། རྒན་མོ་དབྱངས་སྒྲོན་གྱིས་བར་སྐོར་ཁྲོམ་གཞུང་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་ནི་སྐད་ཆ་ཚིག་རེ་གཉིས་ལ་བརྟེན་ནས་བརྗོད་ཐབས་བྲལ། ང་རང་དེ་སྔོན་ཁོར་ཡུག་སྲུང་སྐྱོང་གི་བཟོ་པ་ཞིག་ཡིན། ལོ་ཁ་ཤས་གོང་བར་སྐོར་ཁྲོམ་གཞུང་གི་འཕྲོད་བསྟེན་ཁོར་ཡུག་ཧ་ཅང་ཞན་པོ་ཡོད་པས་ཉིན་ལྟར་གད་རྒྱག་སྐབས་དཀའ་ལས་ཧ་ཅང་ཆེན་པོ་ཡོད་ཅེས་བཤད། དབྱངས་སྒྲོན་གྱིས་མུ་མཐུད་བཤད་དོན། “དེ་རྗེས་སྲིད་གཞུང་གིས་སྤྱི་སྤྱོད་གསང་སྤྱོད་བརྒྱབ་པ་དང་ཁོར་ཡུག་སྲུང་སྐྱོང་བཟོ་པར་གད་སྙིགས་རླངས་འཁོར་སྤྲད་པ་དང་ཆབས་ཅིག ཁྲོམ་གཞུང་དུ་ད་དུང་གད་སྙིགས་བླུགས་སྣོད་མང་པོ་ཞིག་སྒྲིག་སྦྱོར་བྱས་པ་མ་ཟད། དུས་རབས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་དང་བསྟུན་ནས་མི་རྣམས་ཀྱི་བྱང་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་སྟབས་ད་ཆའི་བར་སྐོར་ཁྲོམ་གཞུང་གཙང་ལ་གྲལ་འགྲིག་པ་ཞིག་ཡོད”

    ཡོན་ཏན། དེ་སྔ་བར་སྐོར་ཁྲོམ་གཞུང་གི་དངོས་ཟོག་དབོར་མཁན།

    ཤ་གསར་ཟུར་སྡེ་ཁུལ་དུ་སྡོད་པའི་ལོ་70ལ་སླེབས་པའི་ཡོན་ཏན་གྱིས་ཉིན་ལྟར་ཞོགས་པ་མལ་ལས་ལངས་རྗེས་སྒོ་རའི་ནང་ལུས་སྦྱོང་བྱེད་པ་དང་དེ་རྗེས་ངོ་གདོང་བཀྲུས། “ང་རྒན་ཡོལ་ཞུས་ནས་ལོ་མང་པོ་ཕྱིན་སོང་། ཡིན་ན་ཡང་ངས་བྱ་བ་ཏོག་ཙམ་སྒྲུབ་འདོད་འདུག ད་ལྟའི་འཚོ་བ་ཧ་ཅང་ཡག་པོ་ཡོད་པས་བདེ་བདེ་ཐང་ཐང་ངང་འཚོ་བ་སྐྱེལ་འདོད་འདུག”ཅེས་བགྲེས་སོང་ཁོང་གིས་འཛུམ་མདངས་ཤིག་སྟོན་བཞིན་བཤད།

    བགྲེས་སོང་ཡོན་ཏན་ནི་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་ནས་ཡིན་པ་དང་སྒྱུར་བཅོས་སྒོ་དབྱེ་མ་བྱས་གོང་ལྷ་སར་ལས་ཀ་བཙལ་ནས་འཚོ་ཐབས་བྱེད་ཀྱི་ཡོད། ལྷ་སར་ད་ལྟའི་བཟའ་ཟླ་ངོ་ཤེས་པ་དང་ཆབས་ཅིག་གཉེན་སྒྲིག་བྱས་ནས་ལྷ་སར་གཞིས་ཆགས།

    བར་སྐོར་ཁྲོམ་གཞུང་གི་འགྱུར་ལྡོག་མིག་མཐོང་ལག་ཟིན་བྱུང་བའི་བགྲེས་སོང་ཡོན་ཏན་གྱིས། བར་སྐོར་ཁྲོམ་གཞུང་རྒྱ་ཆུང་ཆུང་རེད་སྙམ་མི་རུང་། དེ་ནི་ཕྱོགས་བཞི་མཚམས་བརྒྱད་དང་སྦྲེལ་ཡོད་པ་དང་ཁྲོམ་གཞུང་དེ་དང་ཐོག་མ་ནས་སྦྲེལ་བའི་ཁྲོམ་གཞུང་ཆེ་ཆུང་35ཙམ་ཡོད་པ་དེ་དག་ནི་ལུས་ཀྱི་རྩ་རྒྱུས་དང་འདྲ་བར་བར་སྐོར་ཁྲོམ་གཞུང་དམ་དུ་བཟུང་བས་བོད་ཡོངས་ཀྱི་ཚོང་ཟོག་བསྡུ་འགྲེམས་ལྟེ་གནས་ཆེ་ཤོས་ཤིག་ཆགས་ཡོད་པ་རེད།

    “དེ་སྔོན་ང་ཚོར་རླངས་འཁོར་ཞེས་པ་ནི་གླེང་ཐབས་བྲལ། ཚང་མ་ཕྱུགས་ཟོག་ལ་བརྟེན་ནས་དབོར་དགོས་པ་མ་ཟད་མང་ཆེ་བ་རང་གིས་སྒལ་པར་ཁུར་ནས་དབོར་དགོས་ཀྱི་ཡོད། བར་སྐོར་ཁྲོམ་གཞུང་དུ་ཚོང་པ་མང་པོ་ཡོད་པར་བརྟེན་དངོས་ཟོག་དབོར་མཁན་ལ་ཡོང་འབབ་ཡག་པོ་གསོག་ཐུབ་ཀྱི་ཡོད”ཅེས་ཡོན་ཏན་གྱིས་དྲན་གསོ་བྱས་ཀྱིན་བཤད།

    ཚེ་རིང་ཆུང་བདག གྲོང་ཁུལ་རྙིང་པའི“ས་བཀྲ་གསོན་པོ”

    འདི་ལོ་ལོ་60ལ་སླེབས་པའི་ཚེ་རིང་ཆུང་བདག་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཞིག་རེད། ཁོང་བར་སྐོར་སྡེ་ཁུལ་དུ་སྐྱེས་པ་དང་གྲོང་ཁུལ་རྙིང་པར་ལོ་30ལྷག་ཙམ་འཚོ་བ་བསྐྱལ་ཡོད་པ་རེད།

    1980ལོར་ཚེ་རིང་ཆུང་བདག་ཁྲུང་ཆིང་བཟོ་སྐྲུན་སློབ་གླིང་ནས་ཐོན་རྗེས་ཁྲེང་ཀོན་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་སུ་ལས་ཀ་བྱས། 2013ལོར་རྒན་ཡོལ་ཞུས་རྗེས་ལས་ཀའི་དགོས་མཁོས་རྐྱེན་པས་ཁྲེང་ཀོན་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་གྲོང་ཁུལ་རྙིང་པའི་རྣམ་གྲངས་དོ་དམ་གཞུང་ལས་ཁང་གིས་སླར་ཡང་གདན་ཞུ་བྱས།

    གྲོང་ཁུལ་རྙིང་པའི་རྣམ་གྲངས་འཛུགས་སྐྲུན་ནི་ཁྲེང་ཀོན་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེ་ཞིག་རེད། གྲོང་ཁུལ་རྙིང་པའི་སྲང་ལམ་སྣེ་མང་རྙོག་འཛིང་ཆེ་བ་དང་སྤྱི་ལེ་ངོས་གྲུ་1.33ནང་དོན་གཅོད་ཁང་3དང་། གྲོང་ལྷན་15 གྲོང་མིའི་སྒོ་ར་ཆེ་མོ་940ཡོད་པ་རེད། ཁོང་སྲང་ལམ་དེ་དག་དང་སྒོ་ར་ཆེན་པོ་དེ་དག་ལ་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད་པས་ཚང་མས་མཛའ་བརྩེའི་ངང་ཁོང་ལ་གྲོང་ཁུལ་རྙིང་པའི“ས་བཀྲ་གསོན་པོ”ཞེས་འབོད་ཀྱི་ཡོད།

    “རང་ཉིད་སྟབས་ལེགས་པ་ཞིག་ལ་བར་སྐོར་ཁྲོམ་གཞུང་གི་ཉམས་གསོའི་ལས་དོན་ལ་ཐེངས་མང་ཞུགས་རྒྱུ་བྱུང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བར་སྐོར་ཁྲོམ་གཞུང་སྲུང་སྐྱོང་དང་གྲོང་མི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བའི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་གི་ཡོད། སྲིད་གཞུང་གིས་གྲོང་ཁུལ་རྙིང་པའི་ཉམས་གསོའི་འདུ་འགོད་ལག་བསྟར་ཐེངས་མང་བྱས་ནས་ལམ་སྒྱུར་བཀོད་དང་། གློག་ལམ་དང་ལམ་སྒྲོན་སོགས་བརྗེས་ཡོད”ཅེས་ཚེ་རིང་ཆུང་བདག་གིས་དྲན་གསོ་བྱས་ནས་བཤད།

    ཁོང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་ཕྱི་ནས་ཡོང་བའི་མི་འབོར་མང་དུ་ཕྱིན་ཏེ་གྲོང་ཁུལ་རྙིང་པའི་ཁྲོམ་གཞུང་དང་སྲང་ལམ་གུ་དོག་ལ་འཚང་ཁ་ཆེ་བར་གྱུར་བ་དང་གྲོང་སྲིད་ཀྱི་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཀྱི་གནས་ཚུལ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད། 2012ལོའི་ལོ་མཇུག་ཏུ་ལྷ་ས་གྲོང་ཁྱེར་གྱིས་དེའི་ཐད་མ་དངུལ་སྒོར་དུང་ཕྱུར་15ཙམ་བཏང་ནས་ལྷ་སའི་གྲོང་ཁུལ་རྙིང་པའི་སྒྱུར་བཀོད་ལས་གྲྭ་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་པ་དེའི་འབྲེལ་ཡོད་ནང་དོན་རྒྱ་ཆེན་པོ་ཡོད་པ་རེད་ཅེས་ངོ་སྤྲོད་བྱས།

    527250_yis_1530250232180.jpg

    འདི་ནི་ཚེ་རིང་ཆུང་བདག(གཡས)གིས་ཁྲེང་ཀོན་ཆུས་ཀྱི་གྲོང་ཁུལ་རྙིང་པའི་ཉེན་ཡོད་སྡོད་ཁང་གི་སྤྱི་པའི་བོགས་གཏོང་གི་སྒྱུར་བཀོད་རྣམ་གྲངས་ཀྱི་ལས་ཡུལ་དུ་ཨར་སྐྲུན་གྱི་གནས་ཚུལ་ཞིབ་བཤེར་བྱེད་བཞིན་པ།

    527253_yis_1530250236143.jpg

    འདི་ནི་རྒན་རྒོན་མང་པོ་བར་སྐོར་ཁྲོམ་གཞུང་དུ་ཉི་མ་བསྲོ་བཞིན་པ།

    527254_yis_1530250237453.jpg

    འདི་ནི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཞིག་གིས་བར་སྐོར་ཁྲོམ་གཞུང་ནས་ཡུལ་སྐོར་གྱི་ཁྱད་ལྡན་ཐོན་རྫས་འདེམས་ཉོ་བྱེད་བཞིན་པ།

    527252_yis_1530250234707.jpg

    འདི་ནི་བླ་བྲང་རྙིང་པའི་རྟ་ར་སྒོ་ར་ཆེ་མོའི་ནང་སྡོད་མཁན་བསོད་ནམས་དབང་མོས་མེ་ཏོག་ལ་ཆུ་རྒྱག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།