རྒྱལ་ཡོངས་ཀྱི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་དང་སྲིད་གཞུང་གི་འགན་ནུས་བསྒྱུར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཚོགས་འདུའི་ཐོག་འདས་ཟིན་པའི་ལོ་ལྔའི་རིང་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་གློད་སྡོམ་ཟུང་འབྲེལ་བྱས་ནས་ཞབས་ཞུའི་སྒྱུར་བཅོས་ལས་དོན་ལ་ཕྱོགས་སྡོམ་དང་། འཕྲད་པའི་དུས་བབ་གསར་པ་དང་བླང་བྱ་གསར་པར་དབྱེ་ཞིབ་གཏིང་ཟབ། སླད་ཕྱིན་ལོ་ལྔའི་རིང“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་དང་། སྲིད་གཞུང་གི་འགན་ནུས་བསྒྱུར་བའི་ལས་དོན། 2018ལོའི་གཙོ་གནད་ལས་དོན་བཅས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཅང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་དང་། དབང་ཧའེ་ཀྲོའུ། ཧྲི་མོའུ་ཅུན། འཇམ་དཔལ་བཅས་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་པ་རེད།
ཚོགས་འདུའི་ཐོག་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། འགྲན་རྩོད་ཀྱི་ལེགས་ཆ་གསར་པ་གཏོད་པ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་གསར་པ་སྐོང་བ་བཅས་བྱེད་པར། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། བསམ་བློ་སྔར་བས་བཅིངས་འགྲོལ་གཏོང་བ། དཔལ་འབྱོར་གྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་གཏོང་བ། སྲིད་གཞུང་གིས་ཁྲོམ་རའི་ཐོན་ཁུངས་ཐད་ཀར་བཀོད་སྒྲིག་དང་ཁྲོམ་རའི་བྱེད་སྒོར་ཐད་ཀར་ཐེ་ཇུས་བྱེད་ཚད་དམའ་ཤོས་སུ་གཏོང་བ། ལས་ཀ་སྤེལ་རིང་དང་སྤེལ་རྗེས་ཀྱི་ལྟ་སྐུལ་དོ་དམ་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་བ།སྲིད་གཞུང་གི་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ། རྩེར་སོན་དང་འདྲ་མཉམ་འགྲན་རྩོད་ལྡན་པའི་རྒྱལ་སྤྱིའི་ཚོང་གཉེར་ཁོར་ཡུག་ཅིག་གཏོད་པ་བཅས་བྱས་ཏེ། ཁྲོམ་རའི་གསོན་ཤུགས་སྔར་བས་འཕེལ་བ་དང་། ནང་སྐྱེས་འགུལ་ཤུགས་སྔར་བས་ཆེ་རུ་གཏོང་བ། ནང་མཁོའི་གཏིང་ཤུགས་འདོན་སྤེལ་བཅས་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
ཚོགས་འདུའི་ཐོག་བྱེད་ཐབས་སྔར་བས་ཏན་ཏིག་སྤྱད་དེ“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་ནས་གསོན་ཤུགས་དང་སྒུལ་ཤུགས་འཕེལ་བར་བྱེད་པ། ལྟ་སྐུལ་དོ་དམ་གསར་གཏོད་བྱས་ནས་འདྲ་མཉམ་དང་སྒྲིག་ལྡན་པར་བྱེད་པ། ཞབས་འདེགས་ལེགས་སུ་བཏང་ནས་སྟབས་བདེ་རུ་དང་སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱེད་དགོས། ལས་སྟེགས་ཧུར་ཐག་གཏོད་པ་དང་གནད་སྨིན་ཞབས་འདེགས་ཞུས་ཏེ་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། “དྲ་སྦྲེལ+སྨན་བཅོས”དང“དྲ་སྦྲེལ+སློབ་གསོ”སོགས་འཕེལ་རྒྱས་བཏང་ནས་འདྲ་མཉམ་གྱི་སྤྱི་པའི་ཞབས་འདེགས་ཞུ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཉེ་ཆར། ལྗོངས་ཡོངས་ཀྱི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་དང་སྲིད་གཞུང་གི་འགན་ནུས་བསྒྱུར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ། ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཡོངས་ཀྱི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་དང་སྲིད་གཞུང་གི་འགན་ནུས་བསྒྱུར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལ་གཞིགས་པ་བཅས་བྱས་ཏེ་བསམ་བློར་སྔར་བས་བཅིངས་འགྲོལ་གཏོང་བ་དང་། དམིགས་ཡུལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། འགན་ནུས་ཏན་ཏིག་བསྒྱུར་བ་བཅས་བྱས་ཏེ“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཆེ་དགྲ་ལྷས་གསུངས་དོན། ཉེ་བའི་ལོ་ཤས་རིང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་ནན་ཏན་བྱས་ནས་སྔ་བར་ཕྱི་གསུམ་དུ“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཉིད་འགན་ནུས་བསྒྱུར་བ་དང་། ཕན་འབྲས་ཆེ་རུ་གཏོང་བ། གསོན་ཤུགས་འཕེལ་བ་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ལ་སྐུལ་འདེད་གཏིང་ཟབ་བཏང་བས་རང་སྐྱོང་ལྗོངས་རིམ་པའི་དབང་ཆ་དང་འགན་འཁྲིའི“གྲངས་ཚད་ཉུང་བ”རྒྱལ་ཡོངས་ཀྱི་ཨང་བདུན་པར་སླེབས་པ་དང་། ཚོང་དོན་ལམ་ལུགས་སྒྱུར་བཅོས་བྱེད་པའི་འཕེལ་རིམ་བདེ་བླག་བྱུང་ཞིང་། མདུན་ཕྱོགས་ཞིབ་བཤེར་མཆན་བཀོད་ལས་དོན་སྒྱུར་བཅོས་མ་བྱས་གོང་ལས་86%ཁུ་བསྡུ་བྱུང་བ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་ལག་ཁྱེར་གཉེར་རྒྱུ་དེ“ལག་ཁྱེར་བཅོ་བརྒྱད་གཅིག་སྒྲིལ”ཐུབ་པ། ལས་དོན་སྤེལ་རིང་དང་སྤེལ་རྗེས་ལྟ་སྐུལ་དོ་དམ་ལ་རིམ་བཞིན་ཤུགས་སྣོན་བརྒྱབ་ནས། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལམ་ལུགས་བཙུགས་པ་དང་། ཁྲོམ་རའི་བྱེད་པོའི་མིང་གཞུང་དང་ཁྲིམས་འཛིན་ཞིབ་བཤེར་མི་སྣའི་མིང་གཞུང་བསྐྲུན་པ། ལྟ་སྐུལ་དོ་དམ་གྱི་ལས་དོན་ཁྱོན་ཡོངས་ལ་ཁྱབ་པ། “དྲ་སྦྲེལ+སྲིད་དོན་ཞབས་ཞུ”བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་སྲིད་གཞུང་གི་ཞབས་ཞུའི་ནུས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད། སྒྱུར་བཅོས་ལ་སྔར་བས་སྐུལ་འདེད་གཏིང་ཟབ་བཏང་བས་ཁྲོམ་རའི་གསོན་ཤུགས་ཧ་ཅང་ཆེན་པོ་འཕེལ་བ་དང་ཁྲོམ་ར་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ཡོད་པ་རེད།
ཆེ་དགྲ་ལྷས་ནན་བཤད་གནང་དོན། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ནི་གྲི་དངོ་ནང་དུ་ཕྱོགས་པའི་རང་ངོས་གསར་བརྗེ་ཞིག་ཡིན་པས། ཀྲུང་དབྱང་གི་བླང་བྱ་དང་། མི་རིགས་ཁག་གི་མི་དམངས་ཀྱི་རེ་འདོད། ཁྲོམ་རའི་བྱེད་པོའི་དགོས་མཁོ་བཅས་དང་བསྡུར་ན་རང་ལྗོངས་ཀྱི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཀྱི་གོམ་སྟབས་མགྱོགས་པོ་མེད་པ་དང་ལས་དོན་སྤེལ་ཤུགས་ཀྱང་ད་དུང་འདང་གི་མེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་དང་ཀྲུང་དབྱང་གི་བླང་བྱར་ནན་ཏན་ངང་གཞིགས་ཏེ་གློད་ཡག་པོ་ཐུབ་པ་དང་། དོ་དམ་ཡག་པོ་བྱེད་པ། ཞབས་འདེགས་ཡག་པོ་ཞུ་བ་བཅས་བྱེད་དགོས།