དབུ་ཤོག>གསར་འགྱུར།
  • སྐབས་དང་པོའི་རང་སྐྱོང་ལྗོངས་ཀྱི་ཡ་རབས་ཁྱིམ་ཚང་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-06-29

    གྲོང་ཁྱེར་དང་ས་ཁུལ་ཁག་གི་བསམ་པའི་དཔལ་ཡོན་ཨུ་ཡོན་ལྷན་ཁང་དང་ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་ཁག་ལ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་བཅུ་དགུ་པའི་དགོངས་དོན་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན། དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསམ་པའི་དཔལ་ཡོན་སྲོལ་གཏོད་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ལྷག་པར་དུ“ཁྱིམ་ཚང་ལ་སྣང་ཆེན་དང་། ཁྱིམ་ཚང་གི་སློབ་གསོར་སྣང་ཆེན། ཁྱིམ་སྲོལ་ལ་སྣང་ཆེན”བཅས་བྱེད་དགོས་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཁར། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་བསྲིང་དང་ལག་བསྟར་བྱ་རྒྱུ་རྩ་བར་བྱེད་པ་དང་། མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་ཁུར་ཐུབ་པའི་དུས་རབས་ཀྱི་གསར་ཐོན་མི་སྣ་གསོ་སྐྱོང་བྱ་རྒྱུ་དང་མཛེས་སྡུག་ལྡན་པའི་འཚོ་བའི་ཕུགས་འདུན་ཐུན་མོང་ཐོག་སྒྲུབ་པར་སྣེ་འདྲེན་བྱེད་པའི་དུས་རབས་ཀྱི་སྲོལ་གསར་དར་ཁྱབ་གཏོང་རྒྱུ་དམིགས་ཡུལ་དུ་བྱེད་པ། ཡ་རབས་ཁྱིམ་ཚང་གཏོད་པའི་བྱེད་སྒོ་གཞི་རྟེན་དུ་བྱེད་པ་བཅས་ཀྱི་ཐོག་ནས། ཁྱིམ་ཚང་དང་། ཁྱིམ་ཚང་གི་སློབ་གསོ། ཁྱིམ་སྲོལ་བཅས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། སྤྱི་ཚོགས་ཡོངས་སུ་སྲོག་ཤིང་ལ་གོང་བཀུར་དང་། མེས་རྒྱལ་ལ་དགའ་ཞེན། དགེ་བརྩོན་ཡར་ཐོན། སྤྱོད་བཟང་མིག་བལྟོས་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་ཡོད་ལ། ཀུན་སྤྱོད་ལ་སྣང་ཆེན་དང་། མཐུན་སྒྲིལ་མཛའ་བཤེས། བྱས་རྗེས་མི་སེམས་འགུལ་བ། ཤུགས་རྐྱེན་ཆེ་བ་བཅས་ཀྱི་ཡ་རབས་ཁྱིམ་ཚང་མང་པོ་ཞིག་ཀྱང་ཐོན་ཡོད།

    རང་སྐྱོང་ལྗོངས་བསམ་པའི་དཔལ་ཡོན་ཨུ་ཡིན་ལྷན་ཁང་གི་རང་ལྗོངས་ཀྱི་ཁྱིམ་ཚང་གི་ཤེས་དཔལ་འཛུགས་སྐྱོང་གི་གཡུར་ཟའི་གྲུབ་འབྲས་སྟོན་པ་དང་། ཁྱིམ་ཚང་ཁྲི་སྟོང་མང་པོའི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པ། ཡ་རབས་ཁྱིམ་ཚང་གཏོད་པའི་གསོན་ཤུགས་སྔར་བས་འཕེལ་བར་བྱེད་པ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོའི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱ་ཆེད། དགྲ་ལྷ་མགོན་པོའི་ཁྱིམ་ཚང་སོགས་ཁྱིམ་ཚང་40ལ་སྐབས་དང་པོའི་རང་སྐྱོང་ལྗོངས་ཀྱི་ཡ་རབས་ཁྱིམ་ཚང་གི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་གཏན་འཁེལ་བྱས་པ་རེད། གཟེངས་བསྟོད་ཐོབ་པའི་ཁྱིམ་ཚང་གིས་གཟི་བརྗིད་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་དང་། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཁྱིམ་ཚང་གི་སྤྱོད་བཟང་མུ་མཐུད་དར་རྒྱས་གོང་འཕེལ། རང་འགུལ་ངང་དུས་རབས་ཀྱི་སྲོལ་གསར་དར་སྤེལ། དུས་རབས་གསར་པའི་ཁྱིམ་སྲོལ་རིག་གནས་འཛུགས་སྤེལ། ཡ་རབས་ཁྱིམ་ཚང་འཛུགས་སྐྱོང་ཁྲོད་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བཅས་བྱས་ཏེ། “ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”བཅས་ཀྱི་གདོང་ལེན་དཔེ་བཟང་ཞིག་ནམ་ཡང་བྱེད་ཐུབ་པ་བྱ་རྒྱུའི་རེ་བ་ཡོད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཁྱིམ་ཚང་ཚང་མས་ཡ་རབས་ཁྱིམ་ཚང་ལ་སློབ་སྦྱོང་དང་། ཁྱིམ་ཚང་ལ་དགའ་ཞེན་དང་མེས་རྒྱལ་ལ་དགའ་ཞེན་བྱ་རྒྱུ་གཉིས་གཅིག་གྱུར་ཡོང་བ། ཁྱིམ་ཚང་གི་ཕུགས་འདུན་སྒྲུབ་རྒྱུ་དེ་མི་རིགས་ཀྱི་ཕུགས་འདུན་སྒྲུབ་པའི་ཁྲོད་འབྲེལ་འདྲིས། སེམས་རྩེ་གཅིག་ཏུ་སྒྲིལ་བ་དང་ཤུགས་ཕྱོགས་གཅིག་ཏུ་རྒྱག་པ། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཞིག་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་དང་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས།

    ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ད་རེས་ཀྱི་དཔྱད་འདེམས་གཟེངས་བསྟོད་གོ་སྐབས་སུ་བྱས་ཏེ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཡ་རབས་ཁྱིམ་ཚང་གཏོད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཡ་རབས་ཁྱིམ་ཚང་གི་སློབ་སྦྱོང་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད། དུས་རབས་གསར་པའི་ཁྱིམ་ཚང་གི་སྤྱོད་བཟང་དར་སྤེལ་གཏོང་བའི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་པ། ལྗོངས་ཡོངས་ཀྱི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཡ་རབས་ཁྱིམ་ཚང་མིག་དཔེར་འཛིན་རྒྱུའི་ཁྲིད་སྟོན་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་དད་མོས་མཁན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་མཁན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་སྤྱོད་བཟང་རྒྱུན་འཛིན་མཁན། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བཅས་བྱ་རྒྱུའི་བརྩོན་ལེན་བྱེད་པ། སྐྱོན་བྲལ་ཡར་ཐོན་གྱི་འཚོ་བའི་འདུ་ཤེས་དང་། འཚོ་བའི་རྣམ་འགྱུར། འཚོ་བ་སྐྱེལ་སྟངས་གསུམ་དོན་གཉེར་བྱེད་པ། རང་འགུལ་ངང་ལུགས་རྙིང་སྲོལ་ངན་དོར་བ་དང་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ། བདེ་སྐྱིད་ལྡན་པའི་འཚོ་བ་བརྩོན་ལེན་བྱེད་པ། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཐོག་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་ཕྱོགས་ཡོངས་ནས་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་འབད་པ་ལྷོད་མེད་བྱེད་དགོས།

    བོད་རང་སྐྱོང་ལྗོངས་བསམ་པའི་དཔལ་ཡོན་སྲོལ་གཏོད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་ནས།

    2018ལོའི་ཟླ་6ཚེས་25ཉིན།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།