དབུ་ཤོག>གསར་འགྱུར།
  • སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་ལ“དུས་རབས་ཀྱི་མིག་དཔེའི”གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-06-29

    2017ལོའི་ཟླ་10ཚེས་28ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་བློ་མཐུན་ཞི་ཅིན་ཕིང་གིས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་ལ་འཕྲིན་ལན་སྤྲིངས་ཏེ་ཕ་དང་བུ་མོ་མི་རབས་གཉིས་ཀྱིས་ལོ་བཅུ་གྲངས་རིང་ཉིན་གཅིག་ལྟར་མེས་རྒྱལ་གྱི་མངའ་ཁོངས་ས་ཆ་སྲུང་བའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་བསྔགས་བརྗོད་གནང་བ་དང་། ཁོང་ཚོར་མང་ཚོགས་སྔར་ལས་མང་བའི་སྣེ་ཁྲིད་དེ་སྐལ་བཟང་མེ་ཏོག་དང་འདྲ་བར་གངས་ལྗོངས་ས་མཐོའི་མཐའ་མཚམས་སུ་རྩ་བ་བརྟན་པོ་བཙུགས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས་པའི་ལྕག་སྐུལ་གནང་ཡོད་པ་རེད།

    སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་པོ་སྔར་ནས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་འཚོ་བ་སྐྱེལ་བ་དང་ཆུང་དུས་ནས་ཕ་སངས་རྒྱས་ཆོས་པས་ཕ་ཡུལ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན་པའི་ཁ་བཤད་དཔེ་སྟོན་བྱས་པ་བུ་མོ་གཉིས་པོས་བློ་ལ་བརྟན་པོར་ངེས་ཡོད། ལོ་བཅུ་གྲངས་རིང་ཕ་དང་གཅེན་གཅུང་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཡུལ་སྨད་ཀྱི“མི་གསུམ་གྱི་ཤང”ཞེས་པར་ཕྱུགས་འཚོ་ཞིང་མཐའ་མཚམས་སུ་སྐོར་གཡེང་བྱས་ནས་མེས་རྒྱལ་གྱི་མངའ་ཁོངས་ས་ཆ་བསྲུངས་ཡོད། དབྱར་དགུན་སྟོན་དཔྱིད་གང་ཡིན་དང་དྲག་ཆར་རླུང་འཚུབ་གང་འདྲ་འཕྲད་རུང་གཅེན་གཅུང་གཉིས་པོས་རྒྱལ་གཅེས་མཐའ་སྲུང་གི་དར་ཆ་སྔ་བར་ཕྱི་གསུམ་དུ་མཐོན་པོར་བསྒྲེངས་ནས་ཡུལ་སྨད་བྲག་རི་ལྟར་བརྟན་སྲུང་གིས་འཛམ་གླིང་ལ་རང་ཉིད་གནས་ས་ནི་ཀྲུང་གོ་ཡིན་པས་མེས་རྒྱལ་གྱི་ས་ཆ་སྦར་མཐིལ་ཙམ་ཡང་ཤོར་དུ་འཇུག་མི་རུང་བ་གསལ་སྟོན་བྱས་ཡོད།

    སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་ནི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་མཁན་གྱི་གཟེངས་སུ་ཐོན་པའི་འཐུས་མི་དང་། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་མཁན་གྱི་གཟེངས་སུ་ཐོན་པའི་འཐུས་མི། “ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”བཅས་བྱེད་པའི་གདོང་ལེན་དཔེ་བཟང་བ་ཞིག་རེད། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་པོའི་བླ་ན་མེད་པའི་སྙིང་སྟོབས་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་། ཏང་ལ་ལྷག་བསམ་རྣམ་དག་དང་། མེས་རྒྱལ་ལ་དགའ་ཞེན། མཐའ་སྲུང་མཐའ་བརྟན་བྱེད་པའི་ཁོང་ཚོའི་དད་སེམས་བརྟན་པོ་དར་སྤེལ་ཤུགས་ཆེན་གཏོང་ཆེད། རང་སྐྱོང་ལྗོངས་བསམ་པའི་དཔལ་ཡོན་སྲོལ་གཏོད་ཨུ་ལྷན་གྱིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་ལ“དུས་རབས་ཀྱི་མིག་དཔེའི”གཟི་བརྗིད་མཚན་སྙན་སྤྲད་དེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་སྐུལ་སློང་གིས་ཁོང་ཚོར་སློབ་སྦྱོང་བྱེད་དགོས་པའི་གཏན་འབེབས་བྱས་པ་རེད།

    རྒྱལ་ཁབ་ཡོད་ཚེ་གཞི་ནས་ཁྱིམ་ཚང་ཡོད་པ་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་བདེ་འཇགས་མེད་ཚེ་ཁྱིམ་ཚང་ཁྲི་སྟོང་མང་པོར་དུས་བདེ་ཡོང་མི་ཐུབ། མེས་རྒྱལ་མཐའ་མཚམས་ཀྱི་རྩྭ་རྩི་ཤིང་ཉག་མ་རེ་རེར་ཡང་ང་ཚོ་ཚང་མས་སྲུང་སྐྱོང་ཡག་པོ་བྱེད་དགོས། དུས་རབས་གསར་པ་དང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ། འགོ་འཛུགས་ས་གསར་པ་བཅས་ཀྱི་ཐོག་ནས་ང་ཚོས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་མིག་དཔེར་བྱས་ནས། ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན། ཏང་དྲིན་ཚོར་བ། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཁོང་ཚོའི་དད་སེམས་བརྟན་པོར་སློབ་སྦྱོང་དང་། རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས་ལ་ཁོང་ཚོས་བློ་དཀར་སེམས་དཀར་བྱེད་པར་སློབ་སྦྱོང་། རྒྱལ་གཅེས་མཐའ་སྲུང་དང་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བའི་ཁོང་ཚོའི་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་ལ་སློབ་སྦྱོང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་པ་དང་སྔར་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པའི་ཁོང་ཚོའི་དཀའ་སྤྱད་ངལ་རྩོལ་གྱི་སྙིང་སྟོབས་ལ་སློབ་སྦྱོང་བཅས་ཀྱི་སྒོ་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཁར། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་སྐབས་དགུ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་། “འདུ་ཤེས་བཞི”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “ངོས་འཛིན་གཅིག་མཐུན་ལྔ”ཟབ་ཏུ་གཏོང་བ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་བ་དང་ཕྱར་བ་གྲུ་འདེགས་ངང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ནས་མེས་རྒྱལ་མཐའ་མཚམས་སྲུང་སྐྱོང་ཡག་པོ་དང་། འཛུགས་སྐྲུན་ཡག་པོ། འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱེད་པ་དང་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཧུར་ཐག་བྱས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་ཕྱོགས་ཡོངས་ནས་སྐྲུན་མགྱོགས་སུ་བཏང་སྟེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་བོད་ཀྱི་ལེའུ་རྩོམ་ཕྱིར་འབད་འཐབ་ལྷོད་མེད་བྱེད་དགོས།

    བོད་རང་སྐྱོང་ལྗོངས་བསམ་པའི་དཔལ་ཡོན་སྲོལ་གཏོད་མཛུབ་ཁྲིད་ཨུ་ལྷན་གྱིས།

    2018ལོའི་ཟླ་6ཚེས་25ཉིན།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།