དབུ་ཤོག>གསར་འགྱུར།
  • ཁྱད་ལྡན་གྲོང་རྡལ་ཆུང་ངུ་སྐྲུན་སྐབས་སྣ་མང་མཉམ་འདྲེས་ཡོང་རྒྱུར་སྣང་ཆེན་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཕེ་ཚུང་།   |     སྤེལ་དུས།  2018-06-29

    འདི་ལོ་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་དམིགས་བསལ་ལེ་ཚན《ས་མཐོའི་མུ་ཏིག་འོད་ཆེན》ཞེས་པ་ཇུས་འགོད་བྱས་ཤིང་། བཅར་འདྲི་ཚོགས་ཆུང་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་ཁྱད་ལྡན་ཤང་དང་གྲོང་རྡལ་ལ་དངོས་སུ་བཅའ་སྡོད་བཅར་འདྲི་བྱས་ནས་ཕྱོགས་ཡོངས་དང་ཁྱོན་ཡོངས་ནས་དཔལ་འབྱོར་དང་སྤྱི་ཚོགས་ལ་ཐོབ་པའི་གྲུབ་འབྲས་དྲིལ་བསྒྲགས་དང་གནས་ཚུལ་གཏོང་སྤེལ་བྱ་རྒྱུའི་བཀོད་སྒྲིག་བྱས་པས། སྨྱུག་འཛིན་པར་ཡང་ལྷ་སའི་ཚོགས་ཆུང་གི་བཅའ་སྡོད་བཅར་འདྲི་བྱེད་པའི་སྐལ་བ་ཐོབ་པ་དང་ཆབས་ཅིག ཁྱད་ལྡན་གྲོང་རྡལ་ཆུང་ངུ་སྐྲུན་སྐབས་ཐོན་ལས་གྲོང་རྡལ་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་མཉམ་འདྲེས་བྱུང་ཚེ། གཞི་ནས་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་ལོ་རྒྱུས་རྒྱུན་འཛིན་དང་འབྱུང་འགྱུར་ལ་སྔར་བས་ཕྱོགས་ཐུབ་པའི་ངོས་འཛིན་བྱུང་།

    ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ་ནི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་ཁྱད་ཆོས་གཙོ་བོ་ཞིག་རེད། དེ་ཡང་ས་ཁུལ་ཁག་གིས་ཁྱད་ལྡན་ལེགས་ཆར་གཞི་ཚུགས་ནས་རྨང་གཞི་དང་། མི་མངོན་པའི་སྟོབས་ཤུགས། འཚར་སྟོབས་བཅས་ཆེ་ཤོས་ལྡན་པའི་ཁྱད་ལྡན་ཐོན་ལས་སྔོག་འདོན་དང་གསར་སྤེལ་བྱས་ནས་གཙོ་ཁྲིད་ཁྱད་ལྡན་ཐོན་ལས་ཏེ་བོད་ཕག་ཐོན་ལས་དང་། ཆུ་ཚན་དཔལ་འབྱོར་ལ་སོགས་དར་རྒྱས་གོང་འཕེལ་ཤུགས་ཆེན་བཏང་བ་བརྒྱུད། ལྟེ་བའི་འགྲན་རྩོད་ཀྱི་ནུས་པ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཁྱད་ཆོས་ལྡན་པའི་དམིགས་བསལ་གྱི་ཐོན་ལས་སྣོད་བཅུད་བཏོད་དེ་ས་གནས་ཀྱི་ཁྱད་ཆོས་མངོན་པར་བྱེད་དགོས།

    རིག་གནས་ནི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་ནང་དོན་གལ་ཆེན་ཞིག་ཡིན། རིག་གནས་ནི་གྲོང་རྡལ་གྱི་ལོ་རྒྱུས་རྒྱུན་འཛིན་དང་། གྲོང་རྡལ་ཞིག་གི་བླ་སྲོག་གནས་པའི་གཟུགས་མེད་ཀྱི་རྒྱུ་ནོར་རྩ་ཆེན་ཞིག་ཀྱང་རེད། དེས་ན་ཁྱད་ལྡན་གྲོང་རྡལ་ཆུང་ངུས་ས་གནས་དེའི་རིག་གནས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ནས་འཆར་འགོད་ལུགས་མཐུན་དང་། གསར་སྤེལ་འོས་འཚམ། བེད་སྤྱོད་ལུགས་མཐུན་བཅས་བྱས་ཚེ། གཟུགས་མེད་རྒྱུ་ནོར་དེ་ལས་ཐོན་པའི་རིན་ཐང་ནི་ཐོག་བརྩེགས་ཁང་གསར་སྟར་པ་རེ་རེ་བརྒྱབ་པ་ལས་ཀྱང་ལྷག་པ་ཡོད།

    ཁྱད་ལྡན་གྲོང་རྡལ་ཆུང་ངུ་བསྐྲུན་པར་ད་དུང་གྲོང་རྡལ་དང་རང་བྱུང་ཁམས་དབར་ཞི་མཐུན་མཉམ་གནས་ལ་དོ་སྣང་བྱེད་དགོས། ཁྱད་ལྡན་གྲོང་རྡལ་ཆུང་ངུ་སྐྲུན་་རིང་མཛེས་ལྗོངས་ཁུལ་སྐྲུན་པ་དང་། ཨར་སྐྲུན་རྒྱུ་ཆ་བེད་སྤྱོད་པ། བར་མཐོངས་རྒྱ་སྐྱེད་སོགས་ཀྱི་རྒྱུ་རྐྱེན་མང་པོའི་ཐད་སྣོད་བཅུད་སྲུང་སྐྱོང་གི་འདུ་ཤེས་ཁྱབ་དགོས་ཤིང་། དེ་ལྟར་བྱུང་ཚེ་རང་བྱུང་ཁམས་དང་མཉམ་འདྲེས་མཉམ་གནས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་བསྐྲུན་ཐུབ་ནས་སྐྱེ་བོ་ཀུན་གྱི་ཡིད་སྨོན་བྱ་ཡུལ་དུ་འགྱུར་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།