འདི་ནི་ནག་ཆུ་གྲོང་ཁྱེར་གྱིས་སློབ་གྲྭར་མི་རིགས་སྲིད་ཇུས་ཁྱབ་གདལ་གཏོང་བའི་བྱེད་སྒོའི་ནང་ཕྲུ་གུ་རྣམས་ཀྱིས་འཁྲབ་སྟོན་བྱེད་བཞིན་པ།
ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས“མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་དཔེ་སྟོན་ས་ཚིགས”སྐྲུན་པའི་ལས་དོན་ཧུར་ཐག་བསྒྲུབས་པ་རེད། ནག་ཆུ་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་དཔེ་སྟོན་ས་ཚིགས་སུ་གཞི་རྩའི་ཆར“གཞི་རིམ་གྱི་རྩ་འཛུགས་སྒྲིག་གཞི་འཐུས་ཚང་དང་། རྨང་གཞིའི་སྒྲིག་བཀོད་ཆ་ཚང་། མི་རིགས་མཐུན་སྒྲིལ་ཡར་ཐོན། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང”བཅས་ཀྱི་དམིགས་ཚད་གྲུབ་ཅིང་། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གསར་པ་ཉིན་བཞིན་མི་སེམས་སུ་ཟུག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བར་ཉམས་མྱོང་རྩ་ཆེན་བསགས་པ་རེད།
ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག ནག་ཆུ་གྲོང་ཁྱེར་གྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་མི་སྒེར”དང་། “མི་རིགས་མཐུན་སྒྲིལ་དཔེ་བཟང་ཁྱིམ་ཚང”གི་དཔྱད་འདེམས་བྱེད་སྒོ་དང་རྒྱལ་ཡོངས་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་ཚིགས་ཀྱི་དཔྱད་འདེམས་འོས་སྦྱོར་ལས་དོན་བདེ་བླག་ངང་སྤེལ་ཞིང་། 2017ལོ་འཁོར་དུ་སོག་རྫོང་སྨན་རྩིས་ཁང་ཉིད་ཁག་ལྔ་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་དཔེ་སྟོན་ཚན་པར་འོས་སྦྱོར་བྱས་པ་དང་། “མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་དཔྱད་འདེམས”བྱེད་སྒོ་ཏན་ཏིག་ངང་སྤེལ་བར་2017ལོར་ནག་ཆུ་གྲོང་ཁྱེར་གྱི་ཚན་པ་11ལ་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། བློ་མཐུན་18ལ་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་གྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། སྤྱི་ཚོགས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་གྲོང་ཁྱེར་དེའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཡོངས་ཀྱི་རང་འགུལ་རང་བཞིན་ཆེ་རུ་ཕྱིན་པ་མ་ཟད། མིག་དཔེའི་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་པ་དང་། སྐུལ་ལྕག་གི་ཕན་འབྲས་མི་སེམས་ལ་ཟུག་པ། མི་ཚང་མས་དཔེ་བཟང་བྱེད་འདོད་པ། ཀུན་གྱིས་དཔེ་བཟང་བརྩོན་ལེན་བྱེད་པ་བཅས་ཀྱི་རྣམ་པ་ཡག་པོ་ཞིག་ཆགས་པ་རེད།
གྲོང་ཁྱེར་གྱི་མི་རིགས་ལས་དོན་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ་ཞི་མཐུན་སྡེ་ཁུལ་ཧུར་ཐག་བཏོད་ཅིང་། མི་རིགས་ལས་དོན་མཐུན་སྦྱོར་ལམ་སྲོལ་དང་ལས་ཀའི་དྲ་རྒྱའི་མ་ལག་བཙུགས་ནས《གྲོང་ཁྱེར་མི་རིགས་ལས་དོན་གྱི་སྲོལ་ཡིག》དང《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ནས་ཏང་གི་མི་རིགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་དེ་ཀུན་གྱིས་རྟོགས་པ་དང་མི་སེམས་ལ་འཇགས་པར་བྱས་ཡོད། ཕྱོགས་མིའི་དོ་དམ་ལ་ཤུགས་སྣོན་རྒྱག་ཆེད། ནག་ཆུ་གྲོང་ཁྱེར་གྱིས་ཕྱི་ནས་ཡོང་བའི་ངལ་རྩོལ་པ་དང་། ཚོང་པ། ཡུལ་སྐོར་བ་བཅས་མང་དུ་ཕྱིན་པའི་དོན་དངོས་ལ་གཞིགས་ཏེ། “གཉིས་ལྡན་དུད་སྦྲེལ”དང་། “མངགས་གཏོང་ཁང” དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་བཅས་ལ་བརྟེན་ནས་གྲལ་བཤེར་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ་དང་གྲོང་ཁྱེར་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཐེམ་ཁུངས་ཤིན་ཅང་ནས་ཡིན་པའི་ནག་ཆུའི་ཚོང་པར་ཞབས་ཞུའི་དོ་དམ་ལས་དོན་ཧུར་ཐག་བསྒྲུབས་པ་དང་རྫོང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་ཐེམ་ཁུངས་ཤིན་ཅང་ནས་ཡིན་པའི་ཚོང་པའི་དབར་གྲོགས་པོ་སྒྲིག་པའི་བྱེད་སྒོ་སྤེལ་ནས་ཁོང་ཚོའི་བསམ་བློ་དང་རེ་བ་དུས་ཐོག་ཏུ་ཤེས་རྟོགས་བྱས་པའི་ཁར་ནུས་པས་ལྕོགས་ཚོད་ཀྱིས་ཁོང་ཚོར་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ཡོད། ནག་ཆུ་གྲོང་ཁྱེར་དུ་ཧུའེ་རིགས་ཚོང་པ་སྤུན་ཟླའི་ཞབས་ཞུའི་དོ་དམ་ལས་དོན་ཧུར་ཐག་བསྒྲུབས་ཏེ་ཁོང་ཚོའི་བུ་ཕྲུག་སློབ་གྲྭར་སྐྱོད་པའི་གནད་དོན་ཐག་གཅོད་འོས་འཚམ་བྱས་པ་དང་། ཁོང་ཚོའི་བུ་ཕྲུག་ནག་ཆུའི་མང་ཚོགས་ཀྱི་བུ་ཕྲུག་དང་འདྲ་བར་སློབ་ཞུགས་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་པ་བྱས་ནས་ཁོང་ཚོའི་སེམས་ཁྲལ་བསལ་ཏེ་མི་རིགས་དབར་གྱི་འགྲོ་འོང་མཉམ་འདྲེས་ལ་སྔར་བས་སྐུལ་མ་བཏང་བ་རེད།
“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ནོར་སྲིད་ཀྱིས་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་རོགས་དངུལ་དེ་གཙོ་བོ“གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ”ཐད་ཕྱོགས་པས་མི་སེམས་སྔར་བས་གཅིག་སྒྲིལ་དང་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཁར་མི་དམངས་མང་ཚོགས་ཀྱི་ཡོང་འབབ་དང་འབབ་འཕར་ལ་སྣེ་ཁྲིད་ཀྱང་བྱས་ཡོད། མི་རིགས་ས་ཁོངས་ཀྱི་གནས་ཚུལ་གསར་པ་དང་འགུལ་རྣམ་གསར་པ་སྣ་ཚོགས་ལ་དོ་ཁུར་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་བྱ་བ་དངོས་བསྒྲུབས་པ་དང་དཀའ་ངལ་བསལ་ཡོད། ལས་སྟེགས་འཛུགས་རྒྱུར་དམ་པོར་དམིགས་ཏེ་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྒྱུན་མཐུད་ཀྱི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བར་ཕྱོགས་ཡོངས་ནས་མཐུན་སྦྱོར་བྱེད་པ། ཞིང་འབྲོག་པའི་འབབ་འཕར་ལྟེ་བར་བྱེད་པ། རྨང་གཞིའི་སྒྲིག་བཀོད་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འཛུགས་སྐྲུན་མུ་མཐུད་བྱེད་ཤུགས་ཆེར་བཏང་ནས་ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ཡོད། དབུལ་སྐྱོར་གསར་སྤེལ་དང་ལེགས་ཆའི་ཐོན་ཁུངས་གསར་སྤེལ་གྱི་ལས་དོན་ཟུང་འབྲེལ་ཧུར་ཐག་བྱས་པ་དང་དཔལ་འབྱོར་འཕར་གཞི་གསར་པ་སྐྱེད་སྲིང་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་གཏན་ལ་འཁེལ་བའི་དམིགས་ཚད་ལས་འགན་ཁག་ཏན་ཏིག་བསྒྲུབས་པ་དང་མི་རིགས་མཐུན་སྒྲིལ་ལས་དོན་གྱི་རྨང་གཞི་བརྟན་དུ་བཏང་སྟེ་མི་རིགས་མཐུན་སྒྲིལ་ལས་དོན་བརྟན་པོའི་ངང་གོང་འཕེལ་འགྲོ་བར་དངོས་པོའི་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད་པ་རེད།
ཏང་གི་དམངས་ཕན་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་དང་། གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་མ་དངུལ་གྱི་འཛུགས་སྐྲུན་རྣམ་གྲངས་དོན་འཁྱོལ་ཡག་པོ། རྣམ་གྲངས་དང་མ་དངུལ་ནག་ཆུ་གྲོང་ཁྱེར་གྱི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་སྔར་བས་ལེགས་པའི་ངང་སྤྱོད་ཐུབ་པ་བཅས་བྱས་ནས་ཞིང་འབྲོག་པ་མང་ཚོགས་ཀྱི་ཐོན་འཕར་འབབ་འཕར་ལ་སྐུལ་འདེད་བཏང་བ་རེད། 2017ལོར་རྒྱལ་ཁབ་ཀྱིས་ནག་ཆུ་གྲོང་ཁྱེར་ལ་ནོར་སྲིད་དབུལ་སྐྱོར་གྱི་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་མ་དངུལ་རྣམ་གྲངས་ལག་ལེན་བསྟར་རྒྱུར་སྒོར་ཁྲི་4000བཏང་བ་དང་། འབྲེལ་ཡོད་ཡིག་ཆའི་དགོངས་དོན་གཞིར་བཟུང་གནད་སྨིན་དབུལ་སྐྱོར་གྱི་ཐོན་ལས་རྣམ་གྲངས་ནང་བསྡུ་སྒྲིལ་བྱས་ཡོད། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་སྙན་རོང་རྫོང་ཉི་མ་ཤང་སྐྱ་གཤོངས་གྲོང་ཚོ་གནད་སྨིན་དབུལ་སྐྱོར་གྱི་དམིགས་གཏན་འཁེལ་བའི་དཔེ་སྟོན་གྲོང་ཚོར་བདམས་པ་དང་། མིག་སྔར་གྲོང་ཚོ་དེའི་ས་འོག་ཚ་ནུས་ནུས་རྒྱུའི་གསར་སྤེལ་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་100བཏང་བ་རེད། ནག་ཆུ་གྲོང་ཁྱེར་གྱིས་ལས་དོན་ཧུར་ཐག་སྤེལ་ནས་རྣམ་གྲངས་སྐྲུན་བཞིན་ཡོད་པས་ཡུལ་དེའི་མི་རིགས་མཐུན་སྒྲིལ་བྱ་གཞག་འཕེལ་རྒྱས་ལ་ནུས་ལྡན་གྱི་དཔེ་སྟོན་ནུས་པ་ཐོན་ཡོད།