དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་ལག་ལེན་ཧུར་ཐག་བསྟར་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཤེ་ཝུའེ།   |     སྤེལ་དུས།  2018-06-29

    མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་མཐུན་སྒྲིལ་འབད་འཐབ་ཀྱི་སྲོག་རྩ་ཡིན། ང་ཚོས་ངེས་པར་དུ་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་ལམ་བུ་ཡང་དག་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་པ་དང་། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་ཟབ་མོ་འཆང་བ། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་བརྗོད་དོན་གཙོ་བོ་ཁོང་དུ་ཏན་ཏིག་ཆུད་པར་བྱེད་པ། ཁྲིམས་སྐྱོང་གི་ཐབས་ལམ་བརྒྱུད་མི་རིགས་དང་འབྲེལ་བའི་གནད་དོན་ཐག་གཅོད་བཅས་བྱས་ཏེ་འཕེལ་རྒྱས་དང་། འདྲ་མཉམ། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། ཡང་སྒོས་རང་ལྗོངས་སུ་མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ང་ཚོའི་བྱ་གཞག་ཁག་ལ་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་ཐོབ་པའི་རྨང་གཞིའི་ལས་དོན་ཞིག་རེད། ང་ཚོས་ངེས་པར་དུ་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས་པ་དང་མི་རིགས་མཐུན་སྒྲིལ་ལག་ལེན་ཧུར་ཐག་བསྟར་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་བས་རབ་ཏུ་བཞད་པར་བྱས་ཏེ་རང་ལྗོངས་ཀྱི་བྱ་གཞག་ཁག་ཡར་ངོའི་ཟླ་ལྟར་འཕེལ་བར་སྐུལ་འདེད་གཏོང་དགོས།

    མི་རིགས་སྲིད་ཇུས་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ་ཡུལ་དུས་དང་གོ་སྐབས་སྣ་ཚོགས་སྤྱད་ནས་ལས་བྱེད་པ་དང་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱེད་པ་དང་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་སྤྱད་དེ་ལས་བྱེད་པ་དང་མང་ཚོགས་ཚོར་སློབ་གསོ་མྱོང་ཐུབ་པ་བྱེད་དགོས། སློབ་སྦྱོང་དྲིལ་བསྒྲགས་དང་སློབ་སྦྱོང་གི་གྲུབ་འབྲས་ཟུང་འབྲེལ་བྱས་ཏེ་སློབ་གསོའི་གྲངས་འབོར་ཁོ་ན་ལས་སློབ་གསོའི་སྤུས་ཚད་ལ་མི་ལྟ་བ་དང་། སློབ་གསོའི་སྤྱི་ཁོག་ཁོ་ན་ལས་སློབ་གསོའི་ཞིབ་ཆར་མི་ལྟ་བ། ལས་ཀ་བྱེད་སྟངས་ཁོ་ན་ལས་བསམ་བློའི་ངོས་འཛིན་ལ་མི་ལྟ་བ། ལས་ཀ་བྱེད་རིང་ཁོ་ན་ལས་ལས་ཀའི་དུས་ཚོད་ཕུད་པའི་བྱ་སྤྱོད་ལ་མི་ལྟ་བ་སོགས་ཀྱི་སྣང་ཚུལ་སྣ་ཚོགས་གཏན་འགོག་བྱས་ཏེ་སློབ་གསོའི་བྱེད་སྒོ་དང་གཏན་འཁེལ་བྱས་པའི་སློབ་སྦྱོང་གི་ཕན་འབྲས་དངོས་འབྲེལ་ཟུང་འབྲེལ་ཐུབ་པ་བྱས་ཏེ་ལས་བྱེད་པ་དང་མང་ཚོགས་ཚོའི་སེམས་སུ་་སློབ་སྦྱོང་གི་དོན་སྙིང་དང་མི་སྒེར་གྱི་རེ་བར་ངོས་འཛིན་གང་ཟབ་ཐུབ་པར་བྱས་ནས་མཐར་རང་འགུལ་ངང་གཏན་འབེབས་སྣ་ཚོགས་ལ་བརྩི་སྲུང་དང་ཆབས་ཅིག་མི་རིགས་སྲིད་ཇུས་དང་འགལ་བའི་བྱེད་སྤྱོད་ངན་པར་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས།

    ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གི་ལས་དོན་མཐའ་དག་དང་འཐབ་ནུས་ཀྱི་རྨང་གཞི་ཡིན་ལ། མི་རིགས་མཐུན་སྒྲིལ་ལས་དོན་གྱི་གཡུལ་ས་མདུན་མའང་ཡིན་ཞིང་། གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་སྒྲུབ་ཚེ་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ། གཞི་རིམ་ཏང་རྩ་འཛུགས་ཀྱིས་མི་རིགས་མཐུན་སྒྲིལ་ལས་ཀའི་ཁྲོད་སྣེ་འཁྲིད་ཀྱི་ནུས་པ་བཏོན་ནས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚོགས་པའི་རྩ་འཛུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཚོ་དང་ཚོགས་ཆུང་དང་སྡེ་ཁུལ་དུ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཚོགས་ཆུང་འཛུགས་པ། ཏང་ཀྲི་པུའུ་ལྟེ་བར་བྱས་པའི་མི་རིགས་མཐུན་སྒྲིལ་ལས་དོན་གྱི་རྩ་འཛུགས་ཀྱི་དྲ་བ་འཛུགས་པ་བཅས་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་འབྲེལ་གཏུག་ཚོགས་འདུ་དང་། མཐུན་སྦྱོར་ཚོགས་འདུ། ཐུག་འཕྲད་ཚོགས་འདུ་བཅས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་ཕན་ཚུན་སྦྲེལ་མཐུད་ཀྱི་ཆ་འཕྲིན་དང་གནས་ཚུལ་མཐའ་འཁྱོངས་དང་དུས་བཀག་ཐོག་སྦྲེལ་མཐུད་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་གནད་དོན་གལ་ཆེན་ལ་ཐུན་མོང་ཐོག་ཞིབ་འཇུག་དང་། གྲོས་མོལ། ཐག་གཅོད་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་ལས་དོན་གྱི་འགོ་ཁྲིད་སྒྲིག་གཞི་གཏོད་དགོས།

    མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མི་སེམས་གཅིག་ཏུ་བསྡུ་བའི་ལས་དོན་ལ་རྒྱུན་དུ་དམ་འཛིན་དང་། དམ་འཛིན་ཞིབ་ཚགས། དམ་འཛིན་ཏན་ཏིག་བཅས་བྱས་ཏེ་ཐུན་མོང་ཐོག་རྒྱལ་ཁབ་སྟོབས་ཆེན་གྱི་དམངས་ཕྱུག་ཕུགས་འདུན་གཏོད་པའི་ཁྲོད་གཅིག་སེམས་གཅིག་ཏུ་འབྲེལ་ཐུབ་པ་དང་། སེམས་ནུས་ཡོད་རྒུས་ཕན་ཚུན་རོགས་རེས་ཁྲོད་ལག་གདང་སྦྲེལ་ཐུབ་པ། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཁྲོད་བརྩེ་སེམས་ཟབ་མོ་འཆང་བ་བཅས་བྱས་ཏེ་མང་ཚོགས་ཀྱི་སེམས་ནང་གི་སྙིང་ཉེ་བ་ཞིག་བྱས་ནས་སྤུན་ཟླའི་མི་རིགས་དབར་བསམ་བློ་སྤེལ་རེས་ལ་སྔར་བས་ཤུགས་སྣོན་དང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་དམངས་ཚོགས་འཆམ་མཐུན་གྱི་འགྲོ་འོང་ཡག་པོ་མངོན་འགྱུར་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།