དབུ་ཤོག>གསར་འགྱུར།
  • སྡོད་སའི་ཁང་པ་ཡོད་པས། སེམས་པ་བདེ་ལ་འཁོད་སོང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-06-29

    སྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་འཛུགས་སྐྲུན་མྱུར་ཚད་མགྱོགས་སུ་ཕྱིན་པ་དང་གྲོང་ཁྱེར་གྱི་རྣམ་པ་ཉིན་བཞིན་གསར་རྐྱང་དུ་འགྱུར་བཞིན་མཆིས། རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་ཏང་ཨུད་དང་སྲིད་གཞུང་གིས་མཐོ་གཟིགས་རྒྱང་རིང་པོས་མ་དངུལ་འབོར་ཆེན་བཏང་ནས་གྲོང་ཁྱེར་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་བཏང་བ་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་གྲོང་ཁྱེར་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་གཡུལ་འགྱེད་རེ་རེར་རྒྱལ་ཁ་བླངས་ཤིང་གཞི་ཁྱོན་ཆེ་བའི་ལས་གྲྭ་རེ་རེ་བཞིན་ལེགས་གྲུབ་བྱས་ནས་གྲོང་ཁྱེར་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ངར་སེམས་དང་། བློ་གྲོས། ཁྲག་དྲོན། རྔུལ་ཆུ་བཅས་ལ་བརྟེན་ནས་ལྷ་སའི་ས་གཞི་ཆེན་པོར་གྲོང་ཁྱེར་འཛུགས་སྐྲུན་གྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་མཐོང་ལམ་དུ་བཀྲམ་སྟེ་ལྟེ་བའི་གྲོང་ཁྱེར་གྱི་རྫོགས་མཐའ་མེད་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་པ་རེད།

    གྲོང་ཁྱེར་གྱི་ནུས་པ་ཉིན་བཞིན་འཐུས་སྒོ་ཚང་དུ་སོང་བ།

    རླབས་སྔོན་ཡམ་ཡོམ་དུ་གཡོ་བའི་གཙང་ངོགས་སྤྱི་གླིང་དང་ལྗོན་པའི་བསིལ་གྲིབ་ཀྱིས་གཡོགས་པའི་ལྷོ་རིའི་སྤྱི་གླིང་དུ་འཆམ་འཆམ་དུ་འགྲོ་བའམ་ཡང་ན། གསོན་ཤུགས་ཀྱིས་ཁེངས་པ་དང་གནའ་ཉམས་ཀྱིས་ཕྱུག་པའི་གྲོང་ཁུལ་རྙིང་པའི་ཁྲོམ་གཞུང་དང་སྲང་ལམ་དུ་སྐྱོད་དུས། གྲོང་ཁྱེར་འཛུགས་སྐྲུན་ལས་མི་རྣམས་ཀྱི་འཚོ་བར་དཔྱིད་རླུང་འཇམ་པོ་ལྟར་དུ་བློ་བདེ་བག་ཕེབས་ཀྱི་དྲོ་སྐྱིད་སྦྱིན་ཞིང་། དམངས་འཚོའི་འདུ་འགོད་དང་གཙོ་གནད་ལས་གྲྭ་རེ་རེ་བཞིན་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་ཏེ་ལྷ་ས་གྲོང་ཁྱེར་གྱི་རྣམ་པ་རྙིང་པ་གསར་རྐྱང་དུ་གྱུར་པ་དང་། གྲོང་ཁྱེར་གྱི་ནུས་པ་ཉིན་བཞིན་འཐུས་སྒོ་ཚང་དུ་སོང་ནས་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རིམ་བཞིན་ལེགས་སུ་ཕྱིན་ཡོད་པ་རེད།

    1980ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁུལ་གྱི་འགྲོ་ལམ་ཕྱོགས་ཡོངས་ནས་རྒྱ་ཆེ་རུ་དང་སྒྱུར་བཀོད་བྱས་པ་དང་ཆབས་ཅིག འཛུགས་སྐྲུན་བརྒྱུད་རིམ་ཁྲོད་འགྲོ་ལམ་གྱི་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་རེད།

    གྲོང་ཁུལ་རྙིང་པའི་སྲུང་སྐྱོང་ལས་གྲྭ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པས་གྲོང་ཁུལ་རྙིང་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་། གྲོང་མི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ཀྱང་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད་པ་རེད།

    རིམ་པ་མང་བའི་སྡོད་ཁང་འགན་ལེན་གྱི་མ་ལག་རིམ་བཞིན་བཙུགས་པ།

    ལས་ལ་བརྩོན་པར་ངེས་པར་དུ་བདེ་སྡོད་ཡོང་བ་བྱེད་དགོས། གྲོང་ཁྱེར་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་མཐར་གཏུག་ནས་བརྗོད་ན། མི་དམངས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་ནས་ལྷ་ས་བ་ཚང་མར་སྡོད་སའི་ཁང་པ་ཡོད་པ་དང་སེམས་པ་བདེ་ལ་འཁོད་པར་བྱེད་དགོས།

    ཉེ་བའི་ལོ་5ཡི་རིང་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད་གྲོང་ཁྱེར་ཡོངས་ཀྱིས་ཁྱོན་ལས་བྱེད་ལས་བཟོའི་ལས་ཤག་5028བསྐྲུན་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་10བཏང་བ་དང་། སྤྱི་པའི་བོགས་གཏོང་ཁང་པ(ཁང་གླ་ཁེ་བའི་སྡོད་ཁང)8463བསྐྲུན་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་11.85བཏང་བ། སྡོད་ཁང་སྐྱོ་ཁུལ་གྱི་ཁང་པ་9976སྒྱུར་བཀོད་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་26.12བཏང་བ། སྤྱི་པའི་བོགས་གཏོང་ཁང་པ(ལས་ཤག)2359ལ་བཟོ་བཅོས་བརྒྱབ་པར་ཁྱོན་མ་དངུལ་སྒོར་ཁྲི་1129.5བཏང་བ། བོགས་གཏོང་ཁང་པའི་ཁ་གསབ་སྒོར་ཁྲི་3667.716སྤྲད་པར་དུད་ཚང་8196གི་མི་11986ལ་ཕན་པ་ཐོབ་ཡོད་པ་རེད།

    ཨར་སྐྲུན་ཁྲོམ་ར་དང་ས་ཁང་བདག་ཁོངས་ཁྲོམ་ར་འཕེལ་རྒྱས་མྱུར་པོ་བྱུང་བ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་སྲིད་ཇུས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཨར་སྐྲུན་ཐོན་ལས་ཀྱི་གསར་གཏོད་འཕེལ་རྒྱས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་པ་རེད། 2017ལོར་གྲོང་ཁྱེར་ཡོངས་ཀྱི་ཨར་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་132.6ཟིན་པ་དང་། ཨར་སྐྲུན་ལས་རིགས་གྲངས་གནས་གཉིས་ཀྱི་ཐོག་ནས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་སྟེ་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཀ་རྟེན་ཐོན་ལས་ཀྱི་གྲས་ཤིག་ཏུ་གྱུར་ཡོད་པ་རེད།

    ལོ་5ཡི་རིང་ས་ཁང་བདག་ཁོངས་ཀྱི་གསར་སྤེལ་ལ་མ་དངུལ་སྒོར་དུང་ཕྱུར་113.81བཏང་ནས་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་ཤུགས་ཆེན་ཐུབ་པ་དང་། ཚོང་སྒྱུར་ཁང་པའི་ཕྱིར་ཚོང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་200ལྷག་ཙམ་ཟིན་ནས་ས་ཁང་བདག་ཁོངས་ཁྲོམ་ར་འཕེལ་རྒྱས་མྱུར་པོ་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།