གསར་འགོད་པས་ཉེ་ཆར་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། སྨན་བཅོས་བོད་སྐྱོར་ལ་ཞིང་ཆེན་དབར་གྱི་དུས་བཀག་ཁྲག་རྒྱུན་སྙོམས་སྒྲིག་ལམ་སྲོལ་བཙུགས་པ་དང་། 2017ལོའི་ཟླ་7པ་ནས་ད་བར་རིམ་རྩིས་བྱས་ན་བོད་ལ་ཁྲག་རྒྱུན་འཇལ་བྱེད་ཚད་གཞི་ཁྲི་1.4སྟེ་ཧའོ་ཧྲེང་ཁྲི་280ལྷག་ཙམ་སྙོམས་སྒྲིག་བྱས་པ་རེད། བོད་ཀྱི་ཁྲག་རྒྱུན་ཁོངས་གཏོགས་ཀྱི་ནད་ཐོག་སྨན་བཅོས་ལ་ཁྲག་སྙོམས་སྒྲིག་བྱེད་ཚད་དུས་མཚུངས་ལས་68.7%མང་དུ་ཕྱིན་ནས་ཁྲག་མི་འདང་བའི་གནས་ཚུལ་ཞི་ལྷོད་དུ་ཕྱིན་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་ཁྲག་རྒྱུན་ལྟེ་གནས་ཀྱི་འགན་འཁུར་བ་ཏུང་ཞའོ་རུང་གིས་བོད་དུ་མི་འབོར་ཁྲི་300ལས་མེད་པས་ཁྲག་མཁོ་སྤྲོད་ཀྱི་མི་ཚོགས་གཞི་ཁྱོན་ཅུང་ཆུང་བ་དང་ས་མཐོའི་ཕོག་སླའི་ནད་རིགས་ཁག་གཅིག་གིས་ཁྲག་རྒྱུན་གྱི་ཚད་ལོན་ཚད་ལ་ཤུགས་རྐྱེན་ཐེབས་ནས་བོད་ཀྱི་དེ་སྔའི་ཁྲག་མཁོ་སྤྲོད་ལམ་སྲོལ་གྱིས་སྨན་བཅོས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད། ལྷག་པར་དུ་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་ཚུན། པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་། ཨན་ཧུའེ། ཁྲུང་ཆིང་། ལེའོ་ཉིང་། ཧྲའན་ཤིས་བཅས་ཞིང་ཆེན་དང་གྲོང་ཁྱེར་བདུན་གྱི་ཀ་པ་རིམ་གསུམ་སྨན་ཁང་གིས་རིགས་གཅིག་མཁས་ཅན་500ལྷག་བོད་དུ་བཏང་ནས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་མི་དམངས་སྨན་ཁང་7ལ་ཁ་གཏད་རོགས་སྐྱོར་བྱས་ཡོད། རོགས་སྐྱོར་ཐོབ་པའི་སྨན་ཁང་གི་གཤགས་བཅོས་བྱེད་ཚད་མང་དུ་ཕྱིན་ནས་ནད་ཐོག་སྨན་བཅོས་ཀྱི་ཁྲག་མཁོ་ཚད་ཆེ་རུ་ཕྱིན་ཡོད་པ་རེད།
དེར་བརྟེན་བོད་ལྗོངས་དང་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་7དང་དེ་བཞིན་ཅང་སུའུ་ཞིང་ཆེན་གྱིས་ཞིང་ཆེན་དབར་གྱི་དུས་བཀག་ཁྲག་རྒྱུན་སྙོམས་སྒྲིག་ལམ་སྲོལ་བཙུགས་ཡོད། ཁྲུང་ཆིང་གྲོང་ཁྱེར་གྱིས་ཐད་ཀར་ཆབ་མདོ་གྲོང་ཁྱེར་ལ་ཁྲག་མཁོ་སྤྲོད་བྱེད་པ་དང་དེ་བྱིངས་ཀྱི་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་7གྱིས་བོད་ཀྱི་ནད་ཐོག་སྨན་བཅོས་ཀྱི་ཁྲག་རིགས་ཀྱི་དགོས་མཁོ་གཞིར་བཟུང་། ཟླ་རེར་ཞིང་ཆེན་དང་གྲོང་ཁྱེར་གཉིས་ཀྱིས་བོད་རང་སྐྱོང་ལྗོངས་ཁྲག་རྒྱུན་ལྟེ་གནས་ལ་འཇལ་བྱེད་ཚད་གཞི་1000སྟེ་ཧའོ་ཧྲེང་ཁྲི་20ཡི་ཁྲག་མཁོ་སྤྲོད་བྱེད་ཀྱི་ཡོད། ཁྲག་རྒྱུན་ལྟེ་གནས་ཀྱིས་ཆབ་མདོ་ཕུད་པའི་ས་ཁུལ་དང་གྲོང་ཁྱེར་6གི་སྙན་སེང་འཆར་གཞི་གཞིར་བཟུང་། ཁྲག་རྒྱུན་དག་ས་ཁུལ་དང་གྲོང་ཁྱེར་གྱི་ཁྲག་རྒྱུན་ས་ཚིགས་ལ་སྙོམས་སྒྲིག་བྱེད་ཀྱི་ཡོད།