ཉེ་བའི་ལོ་ཤས་ནང་། ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་ལྷོ་ཁ་གྲོང་ཁྱེར་གྱིས“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ”གྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་དེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་སུ་ཁྱབ་པ་དང་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་པས་གྲོང་ཁྱེར་ཡོངས་སུ་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་མཐུན་སྒྲིལ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་ཡོད་པ་རེད།
བརྗོད་དོན་གཙོ་བོ་དྲིལ་བསྒྲགས་ཡག་པོ་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ།
ལྷོ་ཁ་གྲོང་ཁྱེར་གྱི་ཚན་པ་ཁག་དང་རྫོང་ཆུས་ཁག་གིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་དང་ཐབས་མང་མཉམ་སྤྱོད་ཀྱིས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་མི་རིགས་འབྲེལ་བ་སྔར་བས་སྲ་བརྟན་དུ་བཏང་ཡོད་པ་རེད།
ལྷོ་ཁ་གྲོང་ཁྱེར་གྱིས་དྲིལ་བསྒྲགས་བྱེད་སྟངས་སྣ་ཚོགས་དང་ཟུང་འབྲེལ་བྱས་ནས་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་དེ་བཞིན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་སློབ་གྲྭ་དང་། སྡེ་ཁུལ། ཁེ་ལས། དགོན་སྡེ། ཞིང་འབྲོག་ཁུལ་བཅས་སུ་སྤེལ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་བ་རེད།
མི་རིགས་མཐུན་སྒྲིལ་ཟླ་བའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་རིག་རྩལ་འཁྲབ་སྟོན་དང་། མི་རིགས་མཐུན་སྒྲིལ་གྱི་ཤེས་བྱ་འགྲན་བསྡུར། བཅའ་ཁྲིམས་བློ་འདྲི་སོགས་ནང་དོན་ཕུན་སུམ་ཚོགས་པའི་བྱེད་སྒོ་བསྟུད་མར་སྤེལ་ནས་མང་ཚོགས་ལ་དགའ་དགའ་སྤྲོ་སྤྲོའི་ངང་ནས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ཐོབ་པར་བྱས་ཏེ་མི་རིགས་དབར་གྱི་གོང་བུ་འགྲིལ་ཤུགས་ལ་ཤུགས་སྣོན་བརྒྱབ་ཡོད་པ་རེད།
མི་རིགས་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ཐུན་མོང་ཡར་རྒྱས་ཀྱི་སྟོབས་ཤུགས་རྨང་རྡོ་བརྟན་དུ་བཏང་།
མི་རིགས་ལས་དོན་ཁག་བདེ་བླག་ངང་སྐུལ་སྤེལ་ཡོང་བར་འགན་ལེན་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་མི་རིགས་ལས་དོན་གྱི་ཆེད་དོན་གྲོན་དངུལ་སྔོན་རྩིས་མ་དངུལ་འགན་སྲུང་ཏན་ཏིག་བྱས་པ་དང་། མི་རིགས་ལས་དོན་གྱི་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཇི་མ་ཇི་བཞིན་དུ་ཐུབ་ཆེད་དངོས་པོའི་འགན་སྲུང་ཡང་བྱས་པ་རེད།
མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་རྨང་གཞིའི་ཆ་རྐྱེན་ཞན་པ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་ཅུང་སྐྱོ་བའི་དོན་དངོས་ལ་དམིགས་ཏེ་ལྷོ་ཁ་གྲོང་ཁྱེར་མི་རིགས་ཆོས་ལུགས་སྡེ་ཚན་གྱིས་མ་དངུལ་སྒོར་དུང་ཕྱུར་1.35བསྡུ་སྒྲིལ་གྱིས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ཏེ་མཐའ་མཚམས་གྲོང་གསེབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་དང་ཆུ་བེད་ལས་གྲྭ་སོགས་རྨང་གཞིའི་སྒྲིག་བཀོད་སྔར་བས་ལེགས་སུ་བཏང་བ་དང་མཐའ་མཚམས་རྫོང་དང་མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ཁུལ་གྱི་གོང་འཕེལ་གྱི་གོམ་སྟབས་སྔར་བས་མགྱོགས་སུ་བཏང་བ་བཅས་ཀྱི་སྒོ་ནས་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་སྔར་བས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད།
དེ་དང་ཆབས་ཅིག བོད་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྔར་བས་དར་སྤེལ་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་ད་དུང་རྫོང་ཆུས་12སུ་བོད་སྐད་ཡིག་ལས་དོན་ཨུ་ལྷན་བཙུགས་ནས་རྒྱ་བོད་སྐད་ཡིག་གཉིས་ཀྱི་སློབ་སྦྱོང་ལག་དེབ་པར་འགྲེམས་བྱས་པ་དང་གཞི་རིམ་གྱི་ལས་བྱེད་པར་ཡིག་སྒྱུར་གསོ་སྦྱོང་འཛིན་གྲྭ་གཉེར་ཁར་དམངས་ཕན་ཞབས་ཞུའི་ལྟེ་གནས་སུ་ཡིག་སྒྱུར་སྐར་ཁུང་བཙུགས་ནས་བོད་སྐད་ཡིག་གི་ཚད་ལྡན་ཅན་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།
ཐོན་ལས་སྟོབས་ཆེར་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཚོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱས།
འཕེལ་རྒྱས་ནི་མི་རིགས་ས་ཁུལ་གྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་གནད་ཡིན། དེར་བརྟེན་ལྷོ་ཁ་གྲོང་ཁྱེར་གྱིས་ཁྱད་ལྡན་ཐོན་ལས་ཀྱི་འགག་རྩ་ཁོང་དུ་ཆུད་པར་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཚོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱས་ཡོད།
ལྷོ་ཁ་གྲོང་ཁྱེར་གྱིས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་1350བཏང་ནས་ལྷོ་བྲག་རྫོང་གི་པད་ཁ་དང་སྲན་མའི་རྟེན་གཞི་བསྐྲུན་པ་དང་། མ་དངུལ་སྒོར་ཁྲི་400བཏང་ནས་ལྷོ་བྲག་རྫོང་སྲས་ཤང་ལ་ཕུའི་ཁྱད་ལྡན་སྨན་ལུམས་ཆུ་ཚན་གྱི་ཆེད་ལས་མཉམ་ལས་ཁང་བསྐྲུན་པ། མ་དངུལ་སྒོར་ཁྲི་1400བཏང་ནས་མཚོ་སྣ་རྫོང་སླད་མོན་པ་མི་རིགས་ཤང་དུ་ཇ་ལོ་འདེབས་འཛུགས་རྣམ་གྲངས་བསྐྲུན་པ། མ་དངུལ་སྒོར་ཁྲི་800བཏང་ནས་སྣ་དཀར་རྩེ་རྫོང་གི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གྲངས་བསྐྲུན་པ་བཅས་བྱས་སྟབས་ཡུལ་དེ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད་པ་རེད།
དེ་དང་དུས་མཚུངས་ལྷོ་ཁ་གྲོང་ཁྱེར་གྱིས་ད་དུང་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་གྲོང་ཚོ་སོགས་གྲོང་ཚོ་དང་གྲོང་རྡལ་བཞི་ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ་བསྐྲུན་པའི་རྣམ་གྲངས་ནང་བཅུག་ཡོད། མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་པ་དང་དུས་མཚུངས་ཡུལ་སྐོར་བ་དེ་བས་མང་བ་ལྟ་སྐོར་དུ་ཡོང་རྒྱུའི་ཡིད་དབང་བཀུག་པས་ཡུལ་དེ་གའི་མང་ཚོགས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་ཐུབ་ཡོད།