དབུ་ཤོག>གསར་འགྱུར།
  • ལེའོ་ཉིང་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་བརྟག་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-29

    ཟླ་5ཚེས་22ནས་ཚེས་25ཉིན་བར་ལེའོ་ཉིང་ཞིང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཝང་ཀྲེན་ཕུའུ་དང་ལེའོ་ཉིང་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཚུའེ་ཧྥུང་ལིན་གྱིས་ལེའོ་ཉིང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་རྟོག་ཞིབ་གནང་བར་ཕེབས་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་རྒྱལ་ཡོངས་ཀྱིས་བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་འདུའི་དགོངས་དོན་དང་ལྷག་དོན་དུ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་པ་དང་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབས་པའི་ཐད་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་དང་ཆབས་ཅིག་ཁ་གཏད་རོགས་སྐྱོར་གྱི་མཉམ་འབྲེལ་ཚོགས་འདུ་འཚོགས་ཏེ་འགོ་ཚུགས་ས་དེ་བས་མཐོ་བ་དང་ཆུ་ཚད་དེ་བས་མཐོ་བའི་ཐོག་ནས་ལེའོ་ཉིང་དང་བོད་ལྗོངས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ལེའུ་གསར་པ་ཞིག་བརྩམས་པ་རེད། 

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལེའོ་ཉིང་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་ཞིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་སོགས་མཉམ་འབྲེལ་ཚོགས་འདུར་ཕེབས་པ་རེད། 

    ཚེས་23ཉིན་འཚོགས་པའི་ལེའོ་ཉིང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་ཁ་གཏད་རོགས་སྐྱོར་གྱི་མཉམ་འབྲེལ་ཚོགས་འདུའི་ཐོག་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ཏེ་ལེའོ་ཉིང་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པ་དང་བཅས་པ་བོད་དུ་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་རྒྱུ་ཡིན་ལ།

    ལེའོ་ཉིང་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ལེའོ་ཉིང་ཞིང་ཆེན་གྱིས་ནག་ཆུ་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱས་ཚུན། སྐབས་རིམ་བྱུང་གི་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་བོད་སྐྱོར་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་ཏུ་བརྩིས་ནས་ལེའོ་ཉིང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱི་མི་རིགས་ཁག་གི་མི་དམངས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་སྟེ་མི་རིགས་མཐུན་སྒྲིལ་གྱི་དར་ཆ་ཆེན་པོ་དེ་བྱང་རྩྭ་ཐང་སྟེང་དུ་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་ཅེས་གསུངས་པ་རེད། 

    བློ་བཟང་རྒྱལ་མཚན་གྱིས་བོད་ནི་རྒྱལ་ཡོངས་ཀྱི་གཅིག་སྡུད་ཡུག་འབྲེལ་གྱི་ས་ཁུལ་དབུལ་པོ་འབའ་ཞིག་དེ་ཡིན་པ་དང་ནག་ཆུ་གྲོང་ཁྱེར་ནི་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་ས་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་པས“དབུལ་པོའི་ནང་གི་དབུལ་པོ་དང་། དཀའ་ངལ་ནང་གི་དཀའ་ངལ། འགག་སྒོའི་ནང་གི་འགག་སྒོ”བཅས་ཡིན། དེར་བརྟེན་ལེའོ་ཉིང་ཞིང་ཆེན་གྱིས་བོད་སྐྱོར་ལས་དོན་ཁྲོད་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་རོགས་སྐྱོར་བྱེད་པ་དང་ཆབས་ཅིག སློབ་གསོ་དང་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་སྟེ་རྒྱུན་ཆད་མེད་པར་ནག་ཆུའི་སྨན་བཅོས་དང་སློབ་གསོའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལེའོ་ཉིང་ཞིང་ཆེན་གྱི་ཁ་གཏད་བོད་སྐྱོར་ལས་དོན་ལ་མུ་མཐུད་རྒྱབ་སྐྱོར་དང་བོད་སྐྱོར་ལས་བྱེད་པར་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་བོད་སྐྱོར་ལས་བྱེད་པའི་ཞབས་ཞུ་དོ་དམ་ལས་དོན་ཏན་ཏིག་བསྒྲུབ་རྒྱུ་ཡིན་ཞེས་གསུངས་པ་རེད། ཁོང་གིས་ནག་ཆུ་གྲོང་ཁྱེར་གྱིས་ངེས་པར་དུ་གོ་སྐབས་དམ་འཛིན་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཉམས་མྱོང་ཕྱོགས་སྡོམ་དང་། འཕེལ་རྒྱས་ལ་ཇུས་འགོད་ཡག་པོ། ཕན་འབྲས་ཡག་པོ་ཐོན་པ་བཅས་བྱས་ནས་བོད་སྐྱོར་དང་ལེན་བྱས་པའི་ལས་ཀའི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་པའི་བླང་བཏང་བཏོན་གནང་བ་རེད། 

    ཝང་ཀྲེང་ཕུའུ་ཡིས་ལེའོ་ཉིང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མུ་མཐུད་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་དང་། “འདུ་ཤེས་བཞི”བརྟན་པོ་འཛུགས་པ། “ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང”བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་རྒྱལ་ཡོངས་ཀྱི་བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། སྣོད་བཅུད་བདེ་འཇགས་འགན་ལེན་བཅས་ཀྱི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས་བོད་སྐྱོར་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན། ཚད་གཞི་མཐོ་བའི་ངང“ལོ་ལྔ་ཚན་བཅུ་གསུམ་པའི”བོད་སྐྱོར་ཕྱོགས་བསྡུས་འཆར་འགོད་ཀྱི་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱེད་པ་དང་། ས་གནས་ཀྱི་རང་བརྟེན་ནུས་པ་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ཀྱི“ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད”པའི་བྱ་སྤྱོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་ས་ཁུལ་གཉིས་ཀྱི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་བོད་སྐྱོར་ལས་དོན་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་སློང་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    བོད་དུ་བརྟག་ཞིབ་གནང་རིང་ལེའོ་ཉིང་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པ་དང་བཅས་པས་ལེའོ་ཉིང་ཞིང་ཆེན་བོད་སྐྱོར་ལས་དོན་གྱི་མདུན་ཕྱོགས་བཀོད་འདོམས་པུའི་འགན་འཁུར་བའི་ལས་དོན་སྙན་སེང་གསན་པ་དང་འབྲེལ། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱི་ཕེབས་རོགས་འོག་ནག་ཆུ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་ལ་བརྟག་ཞིབ་གཏིང་ཟབ་གནང་བ་དང་ལེའོ་ཉིང་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པར་འཚམས་འདྲིའང་ཞུས་པ་རེད། བོད་སྐྱོར་ལས་བྱེད་པར་འགན་འཁུར་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་སྨན་བཅོས་དང་སློབ་གསོའི་ལས་དོན་ལ་དམ་འཛིན་ཧུར་ཐག་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས་པ་དང་ཕ་ཡུལ་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏོང་མི་རུང་བའི་ལྕག་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།