ལུང་ཙི་ཝུན་ག་དུས་འཕྲད་ཀྱང་རྣམ་འགྱུར་ཧ་ཅང་ཡག་པོ་ཡོད།
2016ལོའི་ཟླ་4ཚེས་15ཉིན་བོད་སྐྱོར་ལས་འགན་འབྱོར་སྐབས་ལུང་ཙི་ཝུན་གྱི་བུ་མོ་སྐྱེས་ནས་ཉིན་གསུམ་ལས་འགྲོ་གི་མེད། འགྲོའམ་མི་འགྲོ་བའི་ཐད་ལུང་ཙི་ཝུན་ལ་ཐེ་ཚོམ་ཆེན་པོ་སྐྱེས། འོན་ཀྱང་ཉིན་གསུམ་གྱི་རྗེས་སུ་ཁོང་གིས་གཞིས་རྩེར་དུས་ཡུན་ལོ་གསུམ་གྱི་སྨན་བཅོས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་ལས་འགན་ལྕི་པོ་དེ་ཁུར་བར་བསྐྱོད་རྒྱུའི་ཐག་བཅད།
ཟླ་6ཚེས་20ཉིན་གཞིས་རྩེར་སླེབས་མ་ཐག་པའི་ལུང་ཙི་ཝུན་ལ་མིག་སྐམ་པ་དང་། དབུགས་ཚང་བ། སྙིང་འཕར་ཚད་མགྱོགས་པ་སོགས་ཀྱི་ནད་རྟགས་ཐོན།
“དོན་རང་ཐོག་ཏུ་བབས་པ་ན། བློ་བག་ཕེབས་ལས་སེམས་འཚབ་ཅི”ཞེས་པའི་དཔེ་ལྟར་ལུང་ཙི་ཝུན་གྱིས་སོ་སོར་སེམས་གསོ་བྱེད་བཞིན་སྐར་མ་རེར་སྙིང་འཕར་ཚད་115ཟིན་ནའང་ལམ་སེང་ལས་ལ་གཞོལ་འགོ་བརྩམས།
ཟླ་གཅིག་གི་དུས་ཚོད་ནང་ལུང་ཙི་ཝུན་གྱིས་སྨན་ཁང་གི་ཚན་ཁག་ཁག་ལ་རོགས་རམ་བྱས་ཏེ“གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་ནུས་པའི་ད་ཡོད་གནས་ཚུལ་བརྟག་ཞིབ”དང“གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་བཅོས་སྤུས་ཚད་ཀྱི་ད་ཡོད་གནས་ཚུལ་བརྟག་ཞིབ”ལེགས་གྲུབ་བྱུང་བ་རེད། བརྟག་ཞིབ་བྱེད་རིང་ཁོང་གིས་སྨན་ཁང་གི་ནད་ཐོག་སྨན་བཅོས་ཀྱི་གྲངས་གཞི་དབྱེ་ཞིབ་རྗེས་ལུས་ཡིན་པ་ཤེས་རྟོགས་བྱུང་བ་དང་དེའི་ཕྱིར་ཁོང་གིས་ཚན་ཁག་གི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས“ཀ་པ་རིམ་པ་གསུམ་པའི”ཚད་གཞིར་དམིགས་ཏེ་ཟླ་རེའི་སྨན་བཅོས་གྲངས་གཞི་དབྱེ་ཞིབ་ཤོག་གྲངས་13དང་གྲངས་གཞི་155ཙམ་བར་མང་དུ་བཏང་བ་རེད། དེ་དང་ཆབས་ཅིག་ཟླ་རེར་ནད་ཐོག་སྨན་བཅོས་སྤུས་ཚད་གདེང་འཇོག་དང་སྨན་བཅོས་གསོ་སྦྱོང་དང་དེ་བཞིན་འཆད་ཁྲིད་སྣ་ཚོགས་ཧུར་ཐག་ངང་བྱས་ནས་རིམ་རྩིས་བྱས་ན་སྨན་དོན་མི་སྣ་1500ལྷག་ཙམ་གསོ་སྦྱོང་བྱས་ཡོད་པ་རེད།
གཞན་ཡང་ལུང་ཙི་ཝུན་གྱིས་2011ལོར་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་སྨན་ཁང་གི་ཞིབ་དཔྱད་ཚད་གཞི་གཞིར་བཟུང་ཚན་ཁག་དོ་དམ་ལམ་ལུགས་དང་སྤུས་ཚད་ཚོད་འཛིན་མ་ལག་བཙུགས་པས་སྨན་བཅོས་དོ་དམ་གྱི་སྨན་ཁང་དང་ཚན་ཁག་རིམ་པ་གཉིས་ཀྱི་མ་ལག་མངོན་འགྱུར་བྱུང་ཡོད།
“ང་ཚོས་ཧྲང་ཧའེ་ཡི་ཆེས་སྔོན་ཐོན་དང་ཆེས་ཚད་ལྡན་གྱི་སྐྲན་ནད་ཕྱི་བཅོས་ཚན་ཁག་གི་གཤགས་བཅོས་བྱེད་ཐབས་དང་འདུ་ཤེས་བོད་དུ་སྤྱད་དེ“རྒྱུད། སློབ། རོགས། ཁྲིད”དམར་ཁྲིད་བྱས་པ་བརྒྱུད་ས་གནས་དེ་གའི་སྐྲན་ནད་ཕྱི་བཅོས་ཚན་ཁག་གི་གཤགས་བཅོས་ལག་རྩལ་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་ཡིན། མཉམ་འབྲེལ་ཐོག་རྣམ་གྲངས་ཡིག་ཐོག་སྙན་ཞུ་འབུལ་བ་དང་། སློབ་སྦྱོང་འཛིན་གྲྭ་བོད་དུ་འཛུགས་པ། མི་སྣ་ཕན་ཚུན་འཚམས་འདྲི་བྱེད་པ་སོགས་བྱེད་ཐབས་བརྒྱུད་བོད་སྐྱོར་ལག་རྩལ་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་ལྟེ་བའི་རྒྱུ་རྐྱེན་འཚོལ་ཞིབ་ཧུར་ཐག་བྱས་ཏེ“ནམ་ཡང་གནས་ཐུབ་པ་དང་བྱང་ཚད་མཐོ་བའི”སྨན་བཅོས་དཔུང་ཁག་ཅིག་གཏོད་རྒྱུའི”བསམ་བློ་ཡོད་ལ་ཁོང་གིས་ཀྱང་དེ་ལྟར་བྱེད་བཞིན་ཡོད།
ལོ་ཕྱེད་ནང་ལུང་ཙི་ཝུན་གྱིས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཚན་རིག་ཞིབ་འཇུག་གི་ཞན་ཆ་ནས་འགོ་བཙུགས་ཏེ་ས་གནས་དེ་གའི་སྨན་པ་དཀའ་བཅུ་པའི་འཇོན་ཐང་ཆེ་རུ་དང་བྱང་ཚད་མཐོ་རུ་ཧུར་ཐག་བཏང་ཡོད། སྨན་ཁང་ལ་མཐིལ་རྟོགས་དང་བརྟག་ཞིབ་བྱས་པ་བརྒྱུད་ནད་ཐོག་སྨན་བཅོས་དབྱེ་ཞིབ་དེ་དམ་འཛིན་བྱེད་སར་བྱས་ཏེ་སྐད་འཕྲིན་ཐོག་ནས་ཚན་ཞིབ་བྱེད་ཐབས་མཉམ་སྤྱོད་དང་། ས་གནས་དེ་གའི་གྲངས་གཞི་ཕྱོགས་སྡོམ། ཚན་ཞིབ་གནད་དོན་འཚོལ་ཞིབ་སོགས་བྱེད་ཐབས་སྤྱད་ནས་རིམ་རྩིས་བྱས་ན་SCIཡི་དཔྱད་རྩོམ་10དང་ཚན་ཞིབ་ཐེབས་རྩའི་ཞིབ་འཇུག་བྱ་གཞི་8བྲིས་པའི་ནང་གཅིག་བོད་རང་སྐྱོང་ལྗོངས་ཀྱི་2017ལོའི་གཙོ་གནད་ཞིབ་འཇུག་བྱ་གཞིའི་ཐོག་མའི་དཔྱད་འདེམས་ཀྱི་ཚད་གཞི་ལོན། བཞི་གཞིས་རྩེ་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་གཙོ་གནད་ཞིབ་འཇུག་བྱ་གཞིའི་དཔྱད་འདེམས་ཀྱི་ཚད་གཞི་ལོན། ལུང་ཙི་ཝུན་གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལེན་པའི་འོས་མིར་བདམས་པ་བཅས་རེད།
དྲ་སྦྲེལ་ལག་རྩལ་དེ་བས་ལེགས་པའི་ངང་སྤྱོད་ཆེད་ལུང་ཙི་ཝུན་གྱིས་ཕྱོགས་མང་པོ་དང་འབྲེལ་གཏུག་བྱས་ཏེ་རྒྱང་ཁྲིད་ཚོགས་འདུ་བརྒྱུད་གཏོང་བྱ་རྒྱུ་སྔོན་ལ་བཙུགས་ནས་ཧྥུའུ་ཏན་སློབ་ཆེན་ཁོངས་གཏོགས་སྐྲན་ནད་སྨན་ཁང་དུ་འཚོགས་པའི“སྐྲན་ནད་ཁོག་ཤེལ་ལས་སྟེགས་ཀྱི་རིག་གཞུང་ཚོགས་འདུ”བོད་དུ་ཐེངས་དང་པོར་བསྟན་ནས་གྲོང་ཁྱེར་དང་ས་ཁུལ་7གྱི་སྨན་དོན་མི་སྣ་150གསོ་སྦྱོང་བྱས་པ་རེད། དེ་དང་ཆབས་ཅིག་ཧྥུའུ་ཏན་སློབ་ཆེན་ཁོངས་གཏོགས་སྐྲན་ནད་སྨན་ཁང་གི་ཆེད་ལས་མཁས་ཅན་གཞིས་རྩེ་གྲོང་ཁྱེར་དུ“བོད་ཀྱི་ཐོག་མའི་ཁོག་ཤེལ་མཐོ་རིམ་གླེང་སྟེགས་དང་དེ་བཞིན་གསོ་སྦྱོང་འཛིན་གྲྭའི”ནང་ཞུགས་པ་དང་ཆེད་དོན་གཏམ་བཤད་སྤེལ་བར་གདན་དྲངས་ནས་ས་གནས་དེ་གའི་རྐང་འཛིན་སྨན་པ་དཀའ་བཅུ་པར“ཉམས་མྱོང་བརྒྱུད་སྤྲོད”བྱས་ནས་བོད་དང་ཧྲང་ཧའེ་གཉིས་དང་སྨན་ཁང་དེ་གཉིས་འབྲེལ་མཐུད་ཐུབ་པ་བྱས་པ་རེད།
ན་མཉམ་དང་བསྡུར་ན་ལོ་གསུམ་གྱི་བོད་སྐྱོར་ལས་ལུང་ཙི་ཝུན་གྱི་གཤགས་བཅོས་ཀྱི་འཇོན་ཐང་དང་རིག་གཞུང་འཕེལ་རྒྱས་ཐད་རྗེས་སུ་ལུས་ཡོད་ལ་ནང་མི་ལྷན་འཛོམས་ཀྱི་བདེ་སྐྱིད་ཀྱང་མྱོང་ཐུབ་མེད། “བོད་ཀྱི་སྨན་བཅོས་བྱ་གཞག་ལ་རང་ཉིད་ཀྱི་ནུས་ཤུགས་ཆུང་ངུ་ལེགས་སྐྱེས་འབུལ་ཐུབ་པར་ཧ་ཅང་དགའ་པོ་བྱུང་། བོད་སྐྱོར་ལས་ངའི་མི་ཚེ་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་སོང”ཞེས་རང་ཉིད་ཀྱི་བོད་སྐྱོར་ལོ་རྒྱུས་བརྗོད་སྐབས་ལུང་ཙི་ཝུན་ལ་བློ་འགྱོད་གཏན་ནས་མེད་པ་རེད།