སྤྱི་ཚོགས་ཀྱི་བསྡུས་རིས་ཤིག་ཡིན་པའི་སློབ་ཆེན་ནང་མི་རིགས་ཁག་གི་སློབ་མ་དང་དེ་བཞིན་དགེ་སློབ་ཚོས་ཕན་ཚུན་རོགས་རམ་དང་གཏམ་གླེང་བྱེད་པའི་རྣམ་པ་མཐོང་རྒྱུ་ཡོད། སློབ་གྲྭའི་ནང་གི“སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་བའི”སྣང་ཚུལ་དེ་རིགས་ཀྱིས་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གིས་སྤེལ་བའི་མི་རིགས་མཐུན་སྒྲིལ་བརྗོད་དོན་གཙོ་བོར་བྱས་པའི་སློབ་གསོ་རྒྱག་སྟངས་ལ་ནུས་པ་གལ་ཆེན་ཐོན་ཡོད།
བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་སྤེལ་སྐབས“གཡས་གཡོན་དང་གོང་འོག་ཚང་མར་ཁྱབ་པའི”བླང་བྱ་གཞིར་བཟུང་། བྱེད་སྒོ་རབ་དང་རིམ་པ་གཏིང་ཟབ་སྤེལ་བས་རྒྱ་ཆེའི་དགེ་སློབ་ཚོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་ཡི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་ཆེ་རུ་ཕྱིན་ནས་རྒྱ་ཆེའི་དགེ་སློབ་ཚོས་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ཐུབ་པ་བྱུང་ཡོད།
“སློབ་སྦྱོང་རོགས་རེས”ཚོགས་ཆུང་།
བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གིས་བཙུགས་པའི“སློབ་སྦྱོང་རོགས་རེས”ཚོགས་ཆུང་གིས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་འདུ་ཤེས་དེ་རྒྱ་ཆེའི་དགེ་སློབ་ཚོའི་སེམས་ནང་བརྟན་པོར་ཟུག་པར་བྱས་པ་རེད། འཛིན་གྲྭ་རེ་ཚན་པ་རེར་བྱས་ནས་འཛིན་གྲྭའི་ཀྲུའུ་རེན་དང་འཛིན་གྲྭའི་ཨུ་ཡོན་གྱིས་སློབ་ཚན་རྗེས་ཀྱི“སློབ་སྦྱོང་རོགས་རེས”ཚོགས་ཆུང་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་རྒྱ་རིགས་སློབ་མས་གྲངས་ཉུང་མི་རིགས་སློབ་མར་རྒྱ་ཡིག་ཤེས་བྱ་གསབ་ཁྲིད་དང་བོད་རིགས་སློབ་མས་སློབ་མ་གཞན་ལ་བོད་ཡིག་གསབ་ཁྲིད་བྱེད་ཀྱི་ཡོད། དགེ་རྒན་དབར་གྱི་མི་རིགས་སྐད་ཡིག་སློབ་སྦྱོང་བྱེད་སྒོར་ཡང་དེ་དང་འདྲ་བའི་རོགས་རེས་ཚོགས་ཆུང་གི་རྣམ་པ་ཡོད་པ་སྟེ་བོད་རིགས་དགེ་རྒན་དང་རྒྱ་རིགས་དགེ་རྒན་དབར་ཕན་ཚུན་སློབ་སྦྱོང་བྱས་པས་སྐད་ཡིག་སྣ་མང་གི་སློབ་གྲྭའི་སློབ་ཁྲིད་དང་དོ་དམ་ལ་ནུས་ཤུགས་གསར་པ་བསྣན་ཡོད།
“གཅིག་རེ་དགུའི”བྱེད་སྒོ།
བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གིས“གཅིག་རེ་དགུའི”བྱེད་སྒོ་སྤེལ་བ་ལས་སློབ་གྲྭའི་དགེ་སློབ་ཡོངས་ལ“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”འདུ་ཤེས་ཀྱི་ཤུགས་རྐྱེན་བཟང་པོ་ཐེབས་ཡོད་པ་རེད། མི་རིགས་མཐུན་སྒྲིལ་སྐོར་གྱི་དཔེ་དེབ་ཡག་པོ་གཅིག་ཀློག་པ་དང་། མི་རིགས་ཀྱི་སྐད་ཆ་ཚིག་གཅིག་སྦྱོང་བ། མི་རིགས་མཐུན་སྒྲིལ་གྱི་གཞས་གཅིག་གཏོང་བ། ཕན་ཚུན་ལག་གདང་སྦྲེལ་བའི་མི་རིགས་མཐུན་སྒྲིལ་གྱི་སྒོར་གཞས་གཅིག་འཁྲབ་པ། མི་རིགས་མཐུན་སྒྲིལ་བརྗོད་བྱར་བྱས་པའི་གློག་བརྙན་གཅིག་ལྟ་བ། མི་རིགས་མཐུན་སྒྲིལ་གྱི་སྡོང་ཕྲུག་རྐང་གཅིག་འཛུགས་པ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་ཉམས་མྱོང་ཕྱོགས་སྡོམ་སྤེལ་རེས་ཚོགས་འདུ་ཐེངས་གཅིག་ཚོགས་པ། མཉམ་སྡེབ་རང་བཞིན་གྱི་འོས་འགན་ངལ་རྩོལ་བྱེད་སྒོ་ཐེངས་གཅིག་སྤེལ་བ། མི་རིགས་མཐུན་སྒྲིལ་སློབ་གསོའི“རྩོམ་བསྡུའི་འགྲན་བསྡུར”རམ་ཡང་ན“མི་རིགས་མཐུན་སྒྲིལ་གྱི་ཉལ་ཁང་དཔྱད་བསྡུར”བྱེད་སྒོ་ཐེངས་གཅིག་སྤེལ་བ་བཅས་རེད།
“གཅིག་རེ་དགུའི”བྱེད་སྒོ་ཏན་ཏིག་སྤེལ་ནས་སློབ་མ་ཚོར་རང་ཉིད་ཀྱི་འཇོན་ཐང་ངོམ་སའི་ལག་ལེན་གྱི་ལས་སྟེགས་གཏོད་པ་དང་། སློབ་ཆེན་སློབ་མའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སློབ་གསེང་གི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། མི་རིགས་ཁག་གི་དགེ་རྒན་ཚོས་ཕན་ཚུན་ལག་གདང་སྦྲེལ་ནས་ཀུན་སེམས་གཅིག་སྒྲིལ་གྱིས་ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་ཡོང་རྒྱུའི་དམིགས་ཚད་མངོན་འགྱུར་བྱུང་བ། མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པའི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་གཏོང་བཅས་བྱས་ནས། དུས་བདེའི་སློབ་གྲྭ་དང་ཞི་མཐུན་སློབ་གྲྭ་གཏོད་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་པ་རེད།
“སློབ་ཚན་མ་འཚོག་གོང་གི་སྐར་མ་ལྔ”
ཆུ་ཐིགས་ཀྱིས་རྡོ་ལ་ཨི་ཁུང་འབིགས་པ་བཞིན། བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གིས་སྤེལ་བའི“སློབ་ཚན་མ་འཚོག་གོང་གི་སྐར་མ་ལྔའི”བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་རྣམ་པས། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”འདུ་ཤེས་རིམ་བཞིན་སློབ་མ་ཚོའི་སེམས་སུ་ཟུག་པར་བྱས་པ་རེད། སློབ་ཚན་མ་འཚོག་གོང་གི་དུས་ཐུང་སྐར་མ་ལྔའི་ནང་། དགེ་རྒན་གྱིས“མེས་རྒྱལ་གྱི་གཏམ་རྒྱུད”དང“བོད་ཀྱི་གཏམ་རྒྱུད”ཤོད་ཀྱི་ཡོད་པ་རེད།
དགེ་རྒན་ཚོས་བརྗོད་པའི་གཏམ་རྒྱུད་དེ་དག་ལས་རྒྱ་ཆེའི་དགེ་སློབ་ཚོར་མི་རིགས་ཁག་གི་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་ལོ་རྒྱུས་ཤེས་རྟོགས་གཏིང་ཟབ་བྱུང་ཡོད་པ་རེད།
བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གིས་སློབ་ཚན་མ་འཚོག་གོང་གི་སྐར་མ་ལྔའི་དུས་ཚོད་སྤྱད་དེ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་སློབ་ཁྲིད་སློབ་གསོའི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ནས་སློབ་མ་ཚོར“མི་རིགས་མཐུན་སྒྲིལ་གྱི་སློབ་ཚན”ཁྲིད་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། སློབ་མའི“འདུ་ཤེས་བཞི”མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། བརྩི་སྲུང་བཅས་ཞུ་གི་ཡོད་པ་རེད།