ཉེ་བའི་ལོ་ཤས་རིང་ཆབ་མདོ་གྲོང་ཁྱེར་གྱི་སློབ་གསོ་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་རིང་། དོན་དངོས་ལ་གཞི་ཚུགས་པ་དང་གཙོ་གནད་ཁོང་དུ་ཆུད་པར་བྱས་པའི་ཁར། རོགས་སྐྱོར་དང་ལེན་སློབ་གྲྭ་ཁག་གི་གནས་ཚུལ་ལ་དམིགས་ཏེ་ཇུས་བཟང་པོ་དང་ཐབས་ངོ་མ་བཏོན་ནས་རོགས་སྐྱོར་དང་ལེན་སློབ་གྲྭ་ཁག་གི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད་པ་རེད།
ཆབ་མདོ་གྲོང་ཁྱེར་གྱི་རོགས་སྐྱོར་དང་ལེན་སློབ་གྲྭའི་སློབ་ཁྲིད་སྤུས་ཚད་མཐོ་རུ་ནུས་ལྡན་དང་དགེ་རྒན་གྱི་ལས་སྒོའི་རྩལ་ནུས་ཆེ་རུ་ནུས་ལྡན་བཏང་ཞིང་། 2016ལོའི་ལོ་འཁོར་དང་2017ལོའི་ལོ་འཁོར་དུ་གྲོང་ཁྱེར་ཡོངས་ཀྱིས་གྲོང་ཁྱེར་རིམ་པའི་ཕུལ་བྱུང་སློབ་ཚན་ཁྱོན་289བདམས་པའི་ནང་ཕུལ་བྱུང་སློབ་ཚན་110ལྷག་ཙམ་ནི་རོགས་སྐྱོར་དང་ལེན་སློབ་གྲྭ་གསུམ་ནས་བདམས་སྐྱེལ་བྱས་པ་ཞིག་རེད། རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་སྒྲིག་འཛུགས་བྱས་པའི་2017ལོའི་ལྗོངས་ཡོངས་ཀྱི་མཐོ་རིམ་སློབ་འབྲིང་དགེ་རྒན་གྱི་སློབ་ཁྲིད་འགྲན་བསྡུར་ནང་བོད་སྐྱོར་ཚོགས་པ་དང་ཆ་སྒྲིག་བྱས་པའི་དགེ་རྒན་8ལ་རང་སྐྱོང་ལྗོངས་རིམ་པའི་བྱ་དགའ་རིམ་པ་གཉིས་པ་དང་བྱ་དགའ་རིམ་པ་གསུམ་པ་ཐོབ་ཡོད་པ་རེད།
ཆབ་མདོ་གྲོང་ཁྱེར་གྱི་རོགས་སྐྱོར་དང་ལེན་སློབ་གྲྭའི་དོ་དམ་ནུས་པ་ཆེ་རུ་ཧུར་ཐག་བཏང་ཞིང་། སློབ་གསོ་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཚོགས་པས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་རོགས་སྐྱོར་དང་ལེན་སློབ་གྲྭར《དགེ་རྒན་དང་ལས་བྱེད་པའི་ལས་ཞུགས་ཞིབ་བཤེར་ལམ་ལུགས》དང《སློབ་ཁྲིད་ཞིབ་འཇུག་ཚོགས་ཆུང་དང་སློབ་ཁྲིད་གྲ་སྒྲིག་ཚོགས་ཆུང་གི་ལས་དོན་ཞིབ་སྲོལ》སོགས་ལམ་ལུགས་དང་བྱེད་ཐབས་100ལྷག་ཙམ་བཟོ་རོགས་དང་འཐུས་སྒོ་ཚང་དུ་གཏོང་རོགས་བྱས་ནས་ཆབ་མདོ་གྲོང་ཁྱེར་གྱི་རོགས་སྐྱོར་དང་ལེན་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་དང་དོ་དམ་ཆུ་ཚད་མཐོ་རུ་གཏོང་བའི་ལས་དོན་ལ་སྐུལ་འདེད་སྔར་ལས་ལྷག་པ་བཏང་ཡོད་པ་རེད།
འབྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། བོད་སྐྱོར་ཚོགས་པ་ཁག་གིས“གནད་སྨིན་དབུལ་སྐྱོར”དང་། “ཆ་སྒྲིག་གཉེན་འཚོལ”“ཞལ་འདེབས་ཀུན་གྲབས”སོགས་ཀྱི་རྣམ་པར་བརྟེན་ནས་སློབ་སྐྱོར་བྱེད་སྒོ་ཧུར་ཐག་སྤེལ་ཡོད། དུས་མཚུངས་སུ་ཕུལ་བྱུང་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་དང་ས་ཁོངས་ཀྱི་ཆ་སྒྲིག་ཆེན་པོར་སྐུལ་འདེད་གཏོང་ཆེད། 2017ལོར་ཞིང་ཆེན་དང་གྲོང་ཁྱེར་གསུམ་གྱི་བོད་སྐྱོར་ཚོགས་པས་ཆབ་མདོ་གྲོང་ཁྱེར་གྱི་སློབ་གྲྭ་18དང་མཐུན་སྦྱོར་བྱས་པ་བརྒྱུད། ནང་སའི་སློབ་གྲྭ་25དང་གཅེན་གཅུང་སློབ་གྲྭའི་གྲོས་མཐུན་ཡི་གེ་བཞག་པ་རེད།