2017ལོའི་ཟླ་7ཚེས་8ཉིན། ཉིན་མཚན་བསྟུད་མར་ཆར་པ་བབས་པའི་རྐྱེན་གྱིས་ཆབ་མདོར་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐོན་པ་རེད། ཆུ་ཚོད་20ལྷག་ཙམ་བྲེལ་འཚུབ་ངང་ཉེན་སེལ་བྱེད་རིང་དཔོན་དམག་68ཀྱི་གཟུགས་པོ་ཡོངས་ཆུས་བངས་པ་དང་། མང་ཚོགས་800ཙམ་བདེ་བླག་ངང་ཁ་འགྲེམས་ཐུབ་སྟེ་འབྲུབ་འགོག་ཉེན་སེལ་གྱི་ལས་འགན་ལེགས་གྲུབ་བྱུང་བ་རེད།
ད་ཐེངས་ཀྱི་འབྲུབ་འགོག་ཉེན་སེལ་ནི་ཁོང་ཚོས་དམངས་ཆེད་བྱ་བ་སྒྲུབ་པའི་མཚོན་བྱེད་ཙམ་ཞིག་ཡིན་པ་དང་། 2017ལོར་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་མེ་ཟོན་ཉིང་ལག་རུ་ཁག་གིས་མེ་གསོད་མི་སྐྱོབ་ཐེངས་7ཙམ་བྱས་པ་དང་། ཉེན་སེལ་གུད་སྐྱོབ་ཐེངས་28བྱས་ནས་རིན་ཐང་སྒོར་ཁྲི་1099ལྷག་ཙམ་རི་བའི་རྒྱུ་ནོར་སྲུང་སྐྱོབ་བྱས་པ་དེ་ལོ་གོང་མ་དང་བསྡུར་ན་མེ་སྐྱོན་ཐོན་ཚད་དང་། མི་སྣ་རྨས་ཚད། མི་སྣ་འཆི་ཚད། ཐད་ཀའི་རྒྱུ་ནོར་གྱི་གྱོང་གུན་ཕོག་ཚད་བཅས་ཀྱི་སྟོན་གྲངས་82%དང་། 100% 100% 63%བཅས་སོ་སོར་ཆག་ཡོད་པ་རེད།
གལ་ཏེ་མེ་ཟོན་མེ་གསོད་ནི་མེ་ཟོན་དཔོན་དམག་གི་ལས་འགན་ཨང་དང་པོ་རེད་ཅེས་བརྗོད་ན་དམངས་ལ་དགའ་ཞེན་བྱེད་པ་དང་། དམངས་ལ་རོགས་རམ་བྱེད་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ་བཅས་ནི་ཁོང་ཚོའི་འཐབ་ས་ཨང་གཉིས་པ་དེ་རེད། ལོ་མང་རིང་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་མེ་ཟོན་ཉིང་ལག་རུ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་འཛིན་དྲང་གཞག་བྱེད་པ། སྒྲིག་ཁྲིམས་ནན་དུ་གཏོང་བ”བཅས་ཀྱི་སྤྱིའི་བླང་བྱ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དེ་མི་རིགས་མཐུན་སྒྲིལ་གྱི་ལག་ལེན་དངོས་ཀྱི་འགོ་ནས་མཇུག་བར་ཁྱབ་པར་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་དུས་བཀག་ལྟར་སྤེལ་བ་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དང་མི་རིགས་ཆོས་ལུགས་སྲིད་ཇུས་སོགས་རྒྱ་ཁྱབ་ངང་སློབ་སྦྱོང་བྱས་པས་རྒྱ་ཆེའི་དཔོན་དམག་ཚོས་མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་སྒྲུབ་པའི་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་གསལ་རྟོགས་གང་ལེགས་ཐུབ་པ་དང་མི་རིགས་སྲིད་ཇུས་ལ་སྲུང་བརྩི་ཞུ་བའི་དཔོན་དམག་ཚོའི་རང་རྟོགས་རང་བཞིན་ཆེ་རུ་ཕྱིན་ཡོད་པ་རེད།
རྒན་མོ་ལི་སུའུ་ཆིང་གི་མིག་ནང་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་མེ་ཟོན་ཉིང་ལག་རུ་ཁག་བྱམས་པ་གླིང་དགོན་པའི་རུ་ཆེན་ནི་ཉི་གཞོན་ཇི་བཞིན་ཁོང་གི་ཚེ་མཇུག་གི་འཚོ་བར་དྲོ་སྐྱིད་སྦྱིན་མཁན་ཞིག་རེད།
བུ་གྲོངས་རྗེས་ལོ་70ལྷག་ཙམ་ལ་སླེབས་པའི་ལི་སུའུ་ཆིང་གཅིག་པུས་ཚ་མོ་འཚོ་སྐྱོང་བྱེད་ཀྱི་ཡོད། འགྲོ་སྐྱོད་སྟབས་བདེ་མེད་ལ་ལོ་ན་མཐོ་བའི་ཁོང་གིས་གད་སྙིགས་སྒྲུག་ནས་འཚོ་བ་འཁྱོལ་ཐབས་བྱེད་ཀྱི་ཡོད་པ་རེད།
2011ལོར་བསོད་ནམས་སྐལ་བཟང་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་མེ་ཟོན་ཉིང་ལག་རུ་ཁག་བྱམས་པ་གླིང་དགོན་པའི་རུ་ཆེན་གྱི་རུ་དཔོན་གཞོན་པའི་འགན་འཁུར་མཁན་ལ་ལས་བསྒྱུར་བྱས། ཁོང་གིས་སྐོར་གཡེང་བྱེད་སྐབས་ལི་སུའུ་ཆིང་གིས་ཉིན་ལྟར་ཉེ་འགྲམ་དུ་འགྱིག་དམ་སྒྲུག་གི་ཡོད་པ་མཐོང་ནས་རང་འགུལ་ངང་ཁོང་དང་གླེང་མོལ་བྱས་པ་དང་དེ་རྗེས་ལས་རོགས་དང་མཉམ་དུ་རྒན་མོའི་ཁྱིམ་དུ་འཚམས་འདྲི་བྱེད་པར་བསྐྱོད།
“རྒན་མོ་ཁོང་གུ་དོག་པའི་ཁང་པ་ཐོག་གཅིག་མ་ཞིག་ནང་སྡོད་པ་དང་ས་ཁྲིའི་སྟེང་ཉལ་གྱི་ཡོད། སྐབས་དེ་དུས་ཁོང་གིས་ང་ལ་བཞུགས་དང་ཞེས་བརྗོད་ནའང་ང་བསྡད་ན་ཉལ་ཁྲི་རྡིབ་པའི་སེམས་ཁྲལ་བྱུང”ཞེས་བསོད་ནམས་སྐལ་བཟང་གིས་དྲན་གསོ་བྱེད་བཞིན་དུ་བཤད།
རུ་ཆེན་དུ་ལོག་རྗེས་བསོད་ནམས་སྐལ་བཟང་གིས་རྒན་མོ་ལི་སུའུ་ཆིང་གི་གནས་ཚུལ་འཐབ་གྲོགས་ཚོར་བཤད་པ་དང་ཚང་མས་གྲོས་བསྡུར་བྱས་རྗེས་ནུས་པས་ལྕོགས་ཚོད་ཀྱིས་རྒན་མོར་རོགས་པ་བྱ་རྒྱུའི་སེམས་ཐག་བཅད། ཁོང་ཚོས་ཞལ་འདེབས་བརྒྱབ་སྟེ་སྔོན་ལ་རྒན་མོར་ཉལ་ཁྲི་གསར་པ་ཞིག་ཉོས་པ་དང་དེ་རྗེས་ཚ་མོ་ཆུང་ཆུང་སློབ་གྲྭར་གཏོང་རྒྱུའི་དོན་དུ་གང་སར་མཐུན་སྦྱོར་བྱས།
2014ལོར་རྒན་མོ་ལི་སུའུ་ཆིང་གིས་གླས་པའི་ཁང་པ་ཐོག་གཅིག་མ་བཤིག་པས་མེ་གསོད་རུ་མི་ཤང་པོ་ཡིས་སླར་ཡང་འཐབ་གྲོགས་རྣམས་དང་མཉམ་དུ་རྒན་མོར་ཁང་པ་བཙལ་ནས་སྤོ་རོགས་བྱས་པ་མ་ཟད“སྲུང་སྐར་བརྙན་འཕྲིན་བསྡུ་ལེན་ཡོ་བྱད”སྒྲིག་སྦྱོར་བྱས་ནས་རྒན་མོར་བརྙན་འཕྲིན་ལྟ་རྒྱུ་ཡོང་བ་བྱས་པ་རེད།
མེ་ཟོན་དཔོན་དམག་གིས་ཐུགས་ཁུར་དང་ལྟ་རྟོག་བྱས་པའི་རྒན་མོ་ལི་སུའུ་ཆིང་དང་འདྲ་བའི་མང་ཚོགས་མང་པོ་ཡོད་ཅིང་། ཉེ་འཁོར་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་པ་བྱེད་པ་དང་ཆབས་ཅིག་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་མེ་ཟོན་ཉིང་ལག་རུ་ཁག་གིས“བཅའ་སྡོད་བྱ་ཡུལ་ཕ་ཡུལ་དུ་བརྩི་བ་དང་མང་ཚོགས་གཉེན་ཉེར་བརྩི་རྒྱུ”མཐའ་འཁྱོངས་བྱས་ནས་དམངས་ལ་དགའ་ཞེན་དང་། དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པ། དམངས་ལ་རོགས་རམ་བྱེད་པ། དམངས་ལ་སྟབས་བདེ་བསྐྲུན་པ་བཅས་ཀྱི་ཞབས་ཞུའི་ལས་དོན་ཤུགས་ཆེན་སྤེལ་ཡོད་པ་རེད།
བྱེད་ལུགས་བྱེད་སྟངས་ཚང་མ་བརྩེ་སེམས་དང་འབྲེལ་བ་ཡོད་པ་དང་ཁོང་ཚོས་བྱ་སྤྱོད་དངོས་ལ་བརྟེན་པས་མི་དམངས་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་པ་དང་གདེང་འཇོག་བཟང་པོ་དེ་དག་ཀྱང་ཁོང་ཚོའི་བློ་བརྟན་འགྱུར་མེད་ཀྱི་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་དང་ཁ་འབྲལ་ཐབས་མེད།