དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་ལ་དམ་འཛིན་ནན་པོ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཁྲུའུ་ཝུའུ་ཀན།   |     སྤེལ་དུས།  2018-04-27

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་པ། མི་རིགས་ཁག་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་བསྒྲིལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས”ཞེས་ནན་བཤད་བྱས་ཡོད། རྣམ་བཤད་དུམ་བུ་གལ་ཆེན་དེའི་ནང་མི་རིགས་མཐུན་སྒྲིལ་གྱི་ཆེས་གལ་ཆེའི་རང་བཞིན་ནན་བཤད་བྱས་ཡོད་ལ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཁ་ཕྱོགས་ཀྱང་གསལ་སྟོན་བྱས་ཡོད། མི་རིགས་མཐུན་སྒྲིལ་ནི་མཁའ་རླུང་དང་ཉི་འོད་ཇི་བཞིན་ཀུན་ལ་ཕན་པ་དང་ཧ་ཅང་རྩ་ཆེན་ཞིག་ཡིན་པས་ངེས་པར་དུ་མི་རིགས་མཐུན་སྒྲིལ་ལ་དམ་འཛིན་ནན་པོ་བྱེད་དགོས།

    མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བར་ངེས་པར་དུ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན་པ་གསལ་པོ་ཤེས་པ་བྱེད་དགོས། མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་། ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པ་དེ་བོད་ལྗོངས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ལག་ལེན་ལས་ར་འཕྲོད་ཐུབ་ཡོད། བོད་ཀྱི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་སྐབས་དུས་གང་ཞིག་ཏུ་མི་རིགས་མཐུན་སྒྲིལ་ཡག་པོ་བྱུང་བ་དང་། དུས་གང་ཞིག་ཏུ་སྤྱི་ཚོགས་བརྟན་ལྷིང་བྱུང་ཚེ། དེ་དུས་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་ཕྱིན་ནས་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་ལེགས་སུ་འགྲོ་གི་ཡོད། དེ་ལས་ལྡོག་ཚེ་སྤྱི་ཚོགས་ཟང་ཟིང་དང་། དཔལ་འབྱོར་འཛུགས་སྐྲུན་དང་བྱ་གཞག་ཁག་ལ་འགལ་རྐྱེན་འཕྲད་པ་དང་། མི་རིགས་ཁག་གི་མི་དམངས་ཀྱི་བདེ་འཇགས་དང་བདེ་སྐྱིད་ལ་འགན་ལེན་ཐུབ་ཀྱི་མེད། མི་རིགས་མཐུན་སྒྲིལ་ནི་འཕེལ་རྒྱས་དང་ཡར་ཐོན་གྱི་རྨང་རྡོ་ལྟ་བུ་ཞིག་རེད། དེར་བརྟེན་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ངེས་པར་དུ་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་དང་། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་འཛིན་བྱས་ཏེ་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ཡག་པོ་བྱེད་དགོས།

    མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བར་ངེས་པར་དུ་བརྒྱུད་རིམ་ཧྲིལ་པོ་དང་། ཕྱོགས་ཡོངས། ནུས་ཤུགས་ཡོད་རྒུ་བཅས་ཀྱི་སྒོ་ནས་མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་མེས་རྒྱལ་གྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་དགོས། མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་མེས་རྒྱལ་གྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ནི་བོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལེགས་པར་སྒྲུབ་པའི་ཆབ་སྲིད་ཀྱི་རྨང་གཞི་དང་བསམ་བློའི་རྨང་གཞི་ཞིག་ཡིན་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་སྤེལ་བའི་འགག་རྩའི་ལྷུ་ཚིགས་ཤིག་ཀྱང་ཡིན། དེར་བརྟེན་རིམ་ཁག་ལས་བྱེད་པས་ངེས་པར་དུ་ལས་དོན་དེ་མི་རིགས་མཐུན་སྒྲིལ་གྱི་རྨང་གཞིའི་འདུ་འགོད་དང་འཐབ་ཇུས་ཀྱི་འདུ་འགོད་ཅིག་ཏུ་བརྩིས་ནས་དམ་འཛིན་བྱེད་པ་དང་། ཏང་གི་མི་རིགས་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་ཡང་དག་པའི་མེས་རྒྱལ་གྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ཟབ་ཏུ་གཏོང་ཐུབ་པ་བྱེད་དགོས། དེ་དང་ཆབས་ཅིག་ད་དུང་ཀྲུང་གོའི་ཕུགས་འདུན་དང་། ཏང་གི་ལོ་རྒྱུས། རྒྱལ་ཁབ་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། བོད་ཀྱི་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོར་ཤུགས་སྣོན་རྒྱག་པ་དང་། ལྷག་དོན་དུ་བོད་ཀྱི་ཉེ་རབས་དང་དེང་རབས་ལོ་རྒྱུས་ཀྱི་སློབ་གསོ་དང་ཆོས་ལུགས་མི་སྣར་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་མང་ཚོགས་ཚོས་རང་རྟོགས་ངང་རླབས་ཆེན་མེས་རྒྱལ་ལ་བརྩེ་སེམས་ཟབ་མོ་བཅངས་པ་དེ་བོད་ལྗོངས་འཛུགས་སྐྲུན་དང་མེས་རྒྱལ་གྱི་དྲིན་ལན་འཇལ་བའི་རང་རྟོགས་ཀྱི་འདུ་ཤེས་དང་བྱ་སྤྱོད་ཅིག་ཏུ་འགྱུར་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།