དབུ་ཤོག>གསར་འགྱུར།
  • ཙེང་དབན་མིང་གིས་གཞིས་རྩེར་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་བརྟག་ཞིབ་ཀྱང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-04-24

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་གཞིས་རྩེ་གྲོང་ཁྱེར་དུ་ཕེབས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ནས་ཧེ་ལུང་ཅང་དང་། ཧྲན་ཏུང་། ཅི་ལིན། ཧྲང་ཧའེ་བཅས་ཞིང་ཆེན་དང་གྲོང་ཁྱེར་བཞིའི་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ས་སྐྱ་རྫོང་དུ་ཕེབས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་བརྟག་ཞིབ་ཀྱང་གནང་བ་རེད།

    བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་ལས་ཀ་དང་། འཚོ་བ། སློབ་སྦྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། ལས་བྱེད་ལས་བཟོའི་སྡོད་ཁང་དང་ཟ་ཁང་སོགས་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་རྗེས། ཁོང་གིས་ཁ་གཏད་རོགས་སྐྱོར་གྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ཏེ་ནང་སའི་བྱང་ཆུབ་པའི་ཉམས་མྱོང་དང་། བྱེད་ཐབས། འདུ་ཤེས་བཅས་གཞིས་རྩེར་སྤྱད་ནས་ཐོན་ལས་འཕེལ་རྒྱས་དང་། ལས་གཉེར་ལས་ཞུགས། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུ། སྨན་བཅོས་འགན་ལེན་སོགས་གཙོ་གནད་ཐོག་ཐག་གཅོད་བྱེད་དགོས་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་གྱི་ལས་དོན་ལ་རྒྱུན་མཐུད་ངང་དམ་འཛིན་ནུས་ལྡན་བྱས་ཏེ་བོད་སྐྱོར་རྣམ་གྲངས་ཀྱི་མ་དངུལ་དེ་བས་མང་བ་མཐའ་མཚམས་ཀྱི་འཐབ་ས་དང་པོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་ལ་སྤྱད་དེ་མཐའ་མཚམས་ས་ཁུལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། མཐའ་མཚམས་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་རོགས་རམ་བྱེད་དགོས། “གཅིག་རེ་བཞི”ཡི་དམངས་འཚོའི་འདུ་འགོད་དང“བསམ་པའི་རིག་གནས་ཀྱི་བོད་སྐྱོར་འདུ་འགོད་ཁག་བཅུ”ཡུལ་བབ་དང་བསྟུན་ནས་ལག་བསྟར་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་གྱི་ཕོ་ཉ་ཡག་པོ་བྱས་ནས་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྒྲིལ་བཅས་ལ་ཤུགས་སྣོན་རྒྱག་པའི་བསམ་པའི་སྦྲེལ་ཐག་དམ་དུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།