ཁྱུང་གླིང་གྲོང་ཚོ་ནི་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གནས་ཡུལ་ལུང་གཞུང་གི་མཛེས་ལྗོངས་ཁུལ་དུ་གནས་པ་དང་མཛེས་སྡུག་ལྡན་པའི་ལྷོ་པ་རིགས་ཀྱི་གྲོང་ཚོ་ཞིག་རེད། གྲོང་ཚོ་ཡོངས་སུ་དུད་ཚང་42ཡོད་པ་དང་དུད་ཚང་15ནི་བོད་རིགས་དང་། རྒྱ་རིགས། མོན་པ་རིགས་སོགས་གཉེན་སྒྲིག་བྱས་པའི་དུད་ཚང་རེད། ལོ་མང་རིང་གྲོང་མི་ཚོ་ཞི་མཐུན་མཉམ་གནས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་མི་སེམས་འགུལ་བའི་བྱ་བ་མང་པོ་བསྒྲུབས་ཡོད།
གནས་ཡུལ་མཛེས་ལྗོངས་ཁུལ་གྱི་ལམ་ཆེན་བརྒྱུད་ནས་བསྐྱོད་ཚེ་ཁྱུང་གླིང་གྲོང་ཚོར་སླེབས་ཀྱི་ཡོད། གྲོང་ཚོ་དང་བར་ཐག་མི་རིང་བའི་སར་གྲོང་མི་ཚོས་མཉམ་དུ་གཉེར་སྐྱོང་བྱས་པའི་ཚོང་ཁང་ཞིག་ཡོད། ཞོགས་པ་སྔ་པོ་ནས་གྲོང་མི་ཚོ་དེར་བསྲེགས་ཟས་དང་ཡུལ་ཟོག་ཐོན་རྫས་སོགས་འཚོང་བར་ཡོང་གི་ཡོད། ཡོང་འབབ་བསགས་པ་དང་སྦྲགས་ཡུལ་སྐོར་བར་བརྗེད་དཀའ་བའི་ཡུལ་སྐོར་གྱི་མྱོང་རོལ་བྱེད་དུ་འཇུག་གི་ཡོད།
ཁྱུང་གླིང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཟླ་བས་ཚོང་ཁང་དེ་བཙུགས་པ་ནས་བཟུང་གྲོང་མི་ཚོས་མཉམ་དུ་ངལ་རྩོལ་བྱས་པ་དང་མཉམ་དུ་ཡོང་འབབ་གསོག་གི་ཡོད། ངལ་རྩོལ་གྱི་ཉིན་གྲངས་ལ་གཞིགས་ནས་ལོ་མཇུག་ཏུ་བགོ་འགྲེམས་རྒྱག་གི་ཡོད། ལོ་མང་རིང་ཚང་མས་རྩ་དོན་དེ་མཐའ་འཁྱོངས་ཀྱིས་རྩོད་པ་ཙམ་ཡང་ཤོར་མྱོང་མེད་ཅེས་བཤད།
ཉེ་བའི་ལོ་ཤས་རིང་། ཁྱུང་གླིང་གྲོང་ཚོའི་ཏང་ཀྲི་པུས་ཐོག་མཐའ་བར་གསུམ་དུ་ཀྲུང་དབྱང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་ལས་དོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་འདེད་བཏང་སྟེ་ཁྱུང་གླིང་གྲོང་ཚོའི་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུར་འགན་ལེན་བྱ་རྒྱུ་དེ་གཙོ་གནད་ལས་དོན་ལ་བརྩིས་ནས་དམ་འཛིན་བྱས་པ་དང“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློའི་དྲག་ཆས་སྤྲས་པ་དང་མང་ཚོགས་ལ་སློབ་གསོ་བརྒྱབ་སྟེ་མང་ཚོགས་ཚོས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། ཕ་ཡུལ་ལ་དགའ་ཞེན་བཅས་ཀྱི་བརྩེ་སེམས་བཅངས་པ་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཐད་འགག་རྩའི་ནུས་པ་ཐོན་པ་བྱས་པ་རེད།
ད་ཆ་ཁྱུང་གླིང་གྲོང་ཚོའི་གྲོང་མིའི་བསམ་བློའི་ངོས་འཛིན་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་མི་རིགས་མཐུན་སྒྲིལ་དེ་བས་སྲ་བརྟན་དུ་བཏང་ཡོད། “གྲོང་མི་སུ་ཞིག་ལ་དཀའ་ངལ་འཕྲད་ཚེ་ཚང་མས་རོགས་རམ་བྱེད་ཀྱི་ཡོད”ཅེས་ཤོད་བཞིན་ཧྲུའུ་ཅི་ཟླ་བས་དཔེ་ཞིག་དྲངས་པ་སྟེ། ཤེས་དོན་ནི་གྲོང་ཚོའི་འགན་ལེན་ལྔའི་དུད་ཚང་ཡིན་པ་དང་འདི་ལོ་ལོ་60ལྷག་ཙམ་ལ་སླེབས་པའི་ཁོང་དབང་པོ་སྐྱོན་ཅན་ཞིག་ཡིན། ལོ་ལྟར་གྲོང་ཚོས་ཁོང་ལ་འབྲས་དང་། གྲོ་ཞིབ། སྣུམ། དངུལ་བཅས་སྤྲོད་ཀྱི་ཡོད། 2016ལོར་ཤེས་དོན་སྟབས་མི་ལེགས་པར་འགྲིམ་འགྲུལ་ལས་འཛོལ་ཐོན་ནས་སྨན་ཁང་དུ་ཟླ་བ་གཅིག་ཙམ་སྡོད་དགོས་བྱུང་ཡོད། དེའི་སྐབས་གྲོང་མི་ཚོས་རང་འགུལ་ངང་ཁོང་གི་ནད་གཡོག་རྒྱུག་པ་རེད་ཅེས་བཤད།
འཐུ་མཁན་མང་ན་བུད་ཤིང་མང་ཞེས་པ་ལྟར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ངང་ཁྱིམ་གཞིས་བསྐྲུན། ཉེ་བའི་ལོ་ཤས་རིང་ལོ་ལྟར་ཆར་དུས་སུ་གྲོང་མི་ཚོས་ད་དུང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་ཏང་ཡོན་ལས་བྱེད་པ་དང་མཉམ་དུ་ཆུ་ཡུར་བཤངས་པ་དང་ཆུ་རགས་རྒྱག་གི་ཡོད། “ང་ཚོའི་གྲོང་ཚོ་མཐུན་སྒྲིལ་ལྡན་པ་དང་ཚང་མས་བསམ་བློ་གཅིག་ཏུ་གཏོང་བ་དང་ངར་ཤུགས་གཅིག་ཏུ་སྒྲིལ་ན་མི་རིང་བར་ཁྱུང་གླིང་གྲོང་ཚོ་དེ་དེ་བས་བདེ་སྐྱིད་ལྡན་པར་འགྱུར་ངེས་རེད”ཅེས་ཟླ་བས་དགའ་སྤྲོའི་ངང་བཤད།