དབུ་ཤོག>གསར་འགྱུར།
  • སེམས་ནུས་གཅིག་སྒྲིལ་གྱིས་དབུལ་སྒྲོལ་གྱི་མཐའ་མའི་འགག་གནད་སེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-04-18

    2016ལོའི་ཟླ་6པར་བོད་དུ་སླེབས་ཚུན་ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས“ཁག་རེ་རེ་བྱས་ཏེ་རྒྱུན་མཐུད་ཀྱིས་འཆར་གཞི་མཐར་ཕྱིན་འགོད་རྒྱུ”མཐའ་འཁྱོངས་བྱས་པ་དང་གནད་སྨིན་དབུལ་སྒྲོལ་གྱི་གཙོ་གནད་དེར་དམ་པོར་དམིགས་ནས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལ་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་རོགས་བྱ་རྒྱུ་དམིགས་ཚད་དུ་བྱས་ཏེ་མ་དངུལ་80%དབུལ་སྒྲོལ་ཐད་བཏང་བ་དང་རྣམ་གྲངས་80%གྲོང་གསེབ་ལ་ཕྱོགས་ནས་ཐོན་ལས་བོད་སྐྱོར་དང་། དམངས་འཚོའི་བོད་སྐྱོར། སྣོད་བཅུད་བོད་སྐྱོར། རིག་སྟོབས་བོད་སྐྱོར་བཅས་ལ་དམ་འཛིན་གྱིས་བསམ་གྲུབ་རྩེ་ཆུས་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་རོགས་བྱས་པ་རེད། མིག་སྔའི་བར་ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་1.5བཏང་ནས་གནད་སྨིན་དབུལ་སྒྲོལ་གྱི་རྣམ་གྲངས་ཆེ་གྲས་7གྱི་རྣམ་གྲངས་ཆུང་གྲས་20ལྷག་ཙམ་གསར་སྐྲུན་བྱས་པས་ས་གནས་དེ་གའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་500ལྷག་ཙམ་གྱི་མི་1800ལྷག་ཙམ་གནད་སྨིན་དབུལ་སྒྲོལ་ཐུབ་པ་རེད།

    ཐོན་ལས་བོད་སྐྱོར་གྱིས་མང་ཚོགས་ཕྱུག་འགྱུར་གྱི་མྱུར་ལམ་ཐོག་སྐྱོད་ཐུབ་པ་བྱས་པ།

    བོད་དུ་སླེབས་མ་ཐག ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་གཅིག་སྡུད་ཐོག་བརྟག་ཞིབ་ཟླ་བའི་བྱེད་སྒོ་སྤེལ་བ་རེད། ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གི་རུ་སྣེ་འཁྲིད་མཁན་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཕན་སི་ཞའོ་ཡིས“བརྟག་ཞིབ་ནི་བྱ་བ་སྒྲུབ་པའི་རྨང་གཞི་དང་ལས་དོན་སྒྲུབ་པའི་ཐབས་ལམ་ཡིན། བརྟག་ཞིབ་མ་བྱས་ཚེ་སྐད་ཆ་ཤོད་དབང་མེད་ལ་ཐབས་ཇུས་འགོད་དབང་དེ་བས་ཀྱང་མེད། ཤང་དང་གྲོང་ཚོའི་གནས་ཚུལ་ཤེས་རྟོགས་ཐུབ་པའི་རྨང་གཞིའི་ཐོག་ང་ཚོ་དང་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་མཉམ་དུ་འཕེལ་རྒྱས་ཇུས་འགོད་ཐབས་ལམ་བཙལ་ནས་དོན་དངོས་ལ་གཞི་ཚུགས་ཏེ་ཐོན་ལས་གྲོང་རྡལ་ཆུང་ངུ་སྐྱེད་སྲིང་དང་འཕེལ་རྒྱས་བཏང་ཡོད”ཅེས་ངོ་སྤྲོད་བྱས།

    གདོང་དཀར་ཤང་ཆུ་དབར་གྲོང་ཚོའི་གྲོང་མི་བསོད་ནམས་ཀྱིས་མཉམ་ལས་ཁང་གི་སྐོར་བརྗོད་སྐབས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ“མཉམ་ལས་ཁང་ནང་བཞུགས་རྗེས་ང་ཚོའི་གྲོང་ཚོའི་ན་གཞོན་ཚོར་ལས་ཀ་དང་གླ་ཕོགས་བརྟན་པོ་ཡོད་པས་དབུལ་སྒྲོལ་ཕྱུག་འགྱུར་ལ་རེ་བས་ཁེངས་སོང”ཅེས་བཤད།

    2017ལོར་གདོང་དཀར་ཤང་ཁོངས་གཏོགས་ཀྱི་མཉམ་ལས་ཁང་ཁག་ལ་འཕེལ་རྒྱས་ཀྱི་དཀའ་གནད་འཕྲད་པས་ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པའི་མཛུབ་ཁྲིད་ཞིབ་ཚགས་འོག གདོང་དཀར་ཤང་གིས་ཁོངས་གཏོགས་མཉམ་ལས་ཁང་གི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ“འཇོན་ཐང་ཅན་གྱིས་གཅིག་སྡུད་ཐོག་མཉམ་ལས་ཁང་གཉེར་བ་དང་། དབུལ་པོ་སྣེ་འཁྲིད་དེ་མཉམ་ལས་ཁང་གཉེར་བ། སྲིད་ཇུས་གཅིག་སྡུད་ཀྱིས་མཉམ་ལས་ཁང་གཉེར་སྐྱོང”བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པའི་གྲོང་ཚོ་རིམ་པའི་མཉམ་ལས་ཁང་9བདམས་ནས་ཐུན་མོང་ཐོག“གདོང་དཀར་ཤང་བྱེ་མ་མདངས་ཆེན་མཉམ་ལས་མཉམ་འབྲེལ་ཁང”བཙུགས་པ་རེད།

    གནད་སྨིན་དབུལ་སྒྲོལ་ལས་དོན་ཐད། གདོང་དཀར་ཤང་གིས་བྱེ་མ་མདངས་ཆེན་མཉམ་ལས་མཉམ་འབྲེལ་ཁང་སྦྲེལ་ཐག་ཏུ་བྱས་ཏེ་ཞོག་ཁོག་བཏབ་པ་དང་ཤང་གྲོང་གི་འགྲོ་ལམ་དང་། ཆུ་བེད་ཆུང་གྲས། ཤིང་འཛུགས་ནགས་བཟོ་སོགས་རྣམ་གྲངས་འགན་གཙང་བླངས་པས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་400བྱུང་བ་རེད། མཉམ་ལས་ཁང་གིས་ཁེ་སྤོགས་ཅུང་ཟད་བཏོན་ནས་ཞིང་ལས་དང་གདོང་དཀར་ཤང་གི་རྨང་གཞིའི་འཛུགས་སྐྲུན་ལ་སྤྱད་ནས་ཤང་དེ་ཡོངས་ཀྱི་གྲོང་ཚོ་9ཡི་སྣེ་འཁྲིད་དེ་སྐྱེ་ལྡན་ཞོག་ཁོག་མུའུ་3800 བཏབ་པས་ཆ་སྙོམས་མུའུ་རེ་ནས་ཡོང་འབབ་སྒོར་4300 བྱུང་སྟེ“དབུལ་སྒྲོལ་ཞོག་ཁོག་དང་ཕྱུག་འགྱུར་ཞོག་ཁོག”ཏུ་དངོས་འབྲེལ་གྱུར་བ་རེད།

    ན་ནིང་། པད་གཞུང་ཤང་གིས་ཇོ་རིའི་སྐྱེ་ལྡན་ལ་ཕུག་མུའུ་300བཏབ་པར་ཆ་སྙོམས་མུའུ་རེའི་ཐོན་འབབ་རྒྱ་མ་5000ཡན་ཟིན་པ་དང་མུའུ་རེ་ནས་ཡོང་འབབ་སྒོར་4000ཙམ་བྱུང་བས་ཞིང་པའི་ཧུར་སེམས་འཕེལ་ནས“ལ་ཕུག་མུའུ་རེ་བཏབ་སྟེ་དུད་ཚང་དབུལ་པོ་རེ་དབུལ་སྒྲོལ་ཐུབ་པའི”དམིགས་ཚད་མངོན་འགྱུར་བྱུང་བ་རེད།

    དམངས་འཚོའི་བོད་སྐྱོར་གྱིས་སྤྱི་ཚོགས་འགན་ལེན་ཤུགས་ཆེར་བཏང་བ།

    ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་དམངས་འཚོར་དམ་འཛིན་རྒྱུན་སྲིང་ལྷོད་མེད་བྱས་ཏེ་དམངས་འཚོའི་རྣམ་གྲངས་ཐག་རིང་ལུང་ཁུག་ཏུ་ཕྱོགས་ནས་སྤྱི་ཚོགས་འགན་ལེན་གྱིས་དབུལ་སྒྲོལ་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

    “ང་ཚོའི་གྲོང་ཚོར་བུ་བཅོལ་ཁང་ཡོད་པས་ང་ཚོ་བུ་བཅོལ་ཁང་དུ་སྐྱོད་ཆོག”ཅེས་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་དུ་ཕྲུ་གུ་འགའ་ཤས་ཀྱིས་དགའ་སྤྲོའི་ངང་ཤོད་ཀྱི་འདུག གྲོང་མི་བཀྲ་ཤིས་ཀྱིས་སེམས་འགུལ་ཐེབས་པའི་ངང“གྲོང་ཚོའི་ནང་བུ་བཅོལ་ཁང་བཙུགས་པས་ཕྲུ་གུ་ཚོ་སློབ་གྲྭར་སྐྱོད་ཆོག་པའི་ང་ཚོའི་དོན་ཆེན་ཞིག་ཐག་གཅོད་ཐུབ་སོང”ཅེས་བཤད།

    དབུལ་སྐྱོར་བྱེད་པར་སྔོན་ལ་བློ་སྐྱོར་བྱེད་དགོས། ལོ་འགའི་ནང་། ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་2800བཏང་ནས་གྲོང་གསེབ་ཀྱི་ཚད་ལྡན་ཅན་གྱི་བུ་བཅོལ་ཁང་8བཙུགས་པ་དང་། གྲོང་གསེབ་ཀྱི་སློབ་ཆུང་གཉིས་ལ་སྒྱུར་བཀོད་བྱས་པ། གྲོང་གསེབ་ཀྱི་སློབ་གསོའི་ཆ་རྐྱེན་ལེགས་སུ་བཏང་བ་བཅས་བྱས་པ་དང་ཆབས་ཅིག ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པའི་མཐུན་སྦྱོར་དང་རོགས་སྐྱོར་འོག རང་ལྗོངས་སུ་ཁྱིམ་ཚང་དབུལ་པོའི་སློབ་ཆེན་སློབ་མར་ཐེབས་རྩ་ཐོག་མར་འཛུགས་རོགས་བྱས་ཏེ་ལོ་ལྟར་བོད་སྐྱོར་མ་དངུལ་སྒོར་ཁྲི་100བཏང་ནས་བསམ་གྲུབ་རྩེ་ཆུས་ཀྱི་མཐོ་རིམ་སློབ་གསོ་མྱོང་མཁན་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་ཆེན་དུ་སྐྱོད་མུས་ཀྱི་སློབ་མ་ཚོ་སློབ་ཐོན་བདེ་བླག་ཡོང་བར་རོགས་རམ་བྱས་ཡོད། རང་ལྗོངས་སུ“དྲ་ཐོག་སློབ་ཁང”སྔོན་ལ་བཙུགས་ནས་བསམ་གྲུབ་རྩེ་ཆུས་ཀྱི་སློབ་གྲྭ་འབྲིང་ཆུང་དང་ཆིང་ཏའོ་གྲོང་ཁྱེར་གྱི་འབྲེལ་ཡོད་སློབ་གྲྭ་དྲ་ཐོག་ཏུ་འབྲེལ་མཐུད་བྱས་ཏེ་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་བས་སྦྱོང་དུས་སློབ་མཁན་ཡོད་པ་དང་སྦྱོང་དུས་སྤུས་ལེགས་སློབ་གསོ་ཐོབ་པ་བྱུང་ཡོད།

    ཉེ་བའི་ལོ་ཤས་རིང་། ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་བསམ་གྲུབ་རྩེ་ཆུས་ཀྱི་ཐག་རིང་ཤོས་ཀྱི་ཤང་གཉིས(ལྷན་ཤང་དང་སྣར་ཤང)སུ་མ་དངུལ་སྒོར་ཁྲི་700བཏང་སྟེ་ཚད་ལྡན་ཅན་གྱི་འཕྲོད་བསྟེན་ཁང་གཉིས་བསྐྲུན་པ་དང་འབྲེལ་ཡོད་ཀྱི་སྨན་བཅོས་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས་ཐག་རིང་ཞིང་འབྲོག་མང་ཚོགས་ཀྱི་སྨན་པ་བསྟེན་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད། དེ་དང་ཆབས་ཅིག་ཆིང་ཏའོ་གྲོང་ཁྱེར་གྱི་སྨན་བཅོས་རིགས་གཅིག་མཁས་ཅན་20ལྷག་ཙམ་གདན་འདྲེན་ཞུས་ཏེ་བསམ་གྲུབ་རྩེ་ཆུས་མི་དམངས་སྨན་ཁང་ཀ་པ་རིམ་པ་གཉིས་པའི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་གཏོད་པར་ས་གནས་ས་ཐོག་ཏུ་མཛུབ་སྟོན་བྱས་ནས་སྨན་པ་བསྟེན་པའི་གོ་རིམ་ཚད་ལྡན་དུ་བཏང་བ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ་གྲོང་གསེབ་ཀྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད།

    གཞན་ཡང་། ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་མ་དངུལ་སྒོར་ཁྲི་2300བཏང་སྟེ་ཚད་ལྡན་ཅན་གྱི་གྲོང་གསེབ་ཀྱི་གཞི་རིམ་སྤྱི་པའི་ཞབས་ཞུའི་ལས་སྟེགས་5བསྐྲུན་པའི་ནང་ཏང་ཡོན་གྱི་རྒྱང་ཁྲིད་སློབ་ཁང་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་གཞུང་ལས་ཁང་། ཚོགས་ཁང་། གྲོང་མིའི་བྱེད་སྒོ་སྤེལ་ཡུལ་སོགས་ཚུད་ཡོད། ལྟེ་བའི་རིན་ཐང་ལྟ་བའི་སྦྱར་ཡིག་བཟོ་བ་དང་རིག་གནས་གྱང་ཐོག་དྲིལ་བསྒྲགས་ལག་བསྟར་བྱས་ནས་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དེ་ཆབ་སྲིད་ཀྱིས་ཁྲིད་སྟོན་དང་། མང་ཚོགས་ལ་ཞབས་ཞུ། མི་སེམས་གཅིག་སྒྲིལ། འཕེལ་རྒྱས་དང་རིག་གནས་ཀྱི་བྱེད་སྒོར་སྐུལ་འདེད་གཏོང་བ་བཅས་ཀྱི་གཡུལ་ས་ཞིག་ལ་བཏོད་ཡོད།

    སྣོད་བཅུད་བོད་སྐྱོར་བྱས་ཏེ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པ།

    ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པ་བོད་དུ་སླེབས་ཚུན། “སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན”ཞེས་པའི་བསམ་བློ་བརྟན་པོ་བཙུགས་ནས་སྣོད་བཅུད་འཛུགས་སྐྱོང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་བོད་ཀྱི་དགུང་སྔོན་སྤྲིན་དཀར་ལ་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུར་གཞོལ་ཡོད།

    2016ལོ་ཚུན་ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་མ་དངུལ་སྒོར་ཁྲི་1500བཏང་སྟེ་ཡར་ཀླུང་གཙང་པོའི་སྣོད་བཅུད་དཔེ་སྟོན་ཁུལ་5བསྐྲུན་ཏེ་གྲོང་སྡེའི་འགྲོ་ལམ་མཁྲེགས་འགྱུར་དང་། སྔོ་ལྗང་། མཛེས་སྡུག གཙང་སྦྲ་བཅས་ལྡན་པའི་འདུ་འགོད་ལག་བསྟར་བྱས་ནས་གྲོང་མིའི་བྱེད་སྒོ་སྤེལ་ཡུལ་ཐང་ཆེན་ཆུང་ངུ་དང་གྲོང་ཚོའི་ནང་གི་གད་སྙིགས་བསྡུ་བའི་མ་ལག་སོགས་བཟོས་པས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་ཕྱིན་ཡོད།

    ད་ཆ་ནོར་གླིང་གྲོང་ཚོའི་ཡུལ་སྐོར་དུས་ཚིགས་སུ་ཡུལ་སྐོར་བ་སྟོང་ཕྲག་མང་པོར་སྣེ་ལེན་ཞུ་ཡི་ཡོད་པ་དང་ལོ་རེའི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་100ལས་བརྒལ་ནས་གྲོང་ཚོ་ཧྲིལ་པོ་གནད་སྨིན་དབུལ་སྒྲོལ་ཐུབ་ཡོད། “ང་ཚོར་ཡུལ་སྐོར་ལས་ཡོང་འབབ་ཡོང་གི་རེད་བསམ་མྱོང་མེད། དངོས་ནས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་བོད་སྐྱོར་ལས་བྱེད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ནོར་གླིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བུ་ཚེ་རིང་གིས་བཤད།

    གཞིས་རྩེ་གྲོང་ཁྱེར་གྱི་སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་མ་དངུལ་སྒོར་ཁྲི་600བཏང་བ་དང་སྤྱི་ཚོགས་མ་དངུལ་སྒོར་ཁྲི་4000ལྷག་ཙམ་མ་འཇོག་བྱ་རྒྱུར་སྐུལ་སློང་བྱས་ནས་རིམ་མཐོའི་སྡོང་ཕྲུག་རྟེན་གཞི་དང་། སྣ་ཁ་གསར་པའི་འདྲེ་ཚེར་མའི་མྱུག་གསོ་རྟེན་གཞི། ནགས་བཟོ་ལྗང་འགྱུར་གྱི་མྱུག་གསོ་རྟེན་གཞི་བཅས་སྐྱེད་སྲིང་བྱས་པས་མྱུག་གསོའི་གཞི་ཁྱོན་མུའུ་1500མང་དུ་ཕྱིན་པ་དང་བསམ་གྲུབ་རྩེ་ཆུས་དེ་ཉིད་གཞིས་རྩེ་གྲོང་ཁྱེར་གྱི་སྣོད་བཅུད་མྱུག་གསོ་རྟེན་གཞི་དང་སྣོད་བཅུད་ལས་གྲྭའི་སྡོང་ཕྲུག་མཁོ་འདོན་རྟེན་གཞི་ཞིག་ཏུ་གྱུར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།