མི་རིགས་མཐུན་སྒྲིལ་ཡར་ཐོན་ནི་ཀྲུང་ཧྭ་མི་རིགས་ཀྱི་བླ་སྲོག་དང་། སྟོབས་ཤུགས། རེ་བ་བཅས་གནས་ཡུལ་ཞིག་རེད། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་རྒྱ་ཁྱབ་དང་རྒྱུན་སྲིང་ངང་སྤེལ་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། མེས་རྒྱལ་གཅིག་གྱུར་བཅས་ལ་སྲུང་སྐྱོང་བྱེད་རྒྱུ་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད།
མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་སྤེལ་རྒྱུ་དེ་ནི་སྤྱི་ཚོགས་ཀྱི་འབྲེལ་བ་མཉམ་འདྲེས་བྱ་ཆེད་ཙམ་མིན་པར་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་མི་རིགས་ཁག་ཐུན་མོང་ཐོག་ཡར་ཐོན་ཡོང་བ་བྱ་རྒྱུ་དེ་རེད། གཞི་རིམ་དུ་འགོ་འཛུགས་པ་དང་གཞི་རིམ་དུ་འཕེལ་རྒྱས་གཏོང་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་ནི་མི་རིགས་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་དང་གཞི་རྟེན་གལ་ཆེན་ཞིག་རེད།
ཇི་ལྟར་བྱས་ཏེ་བྱ་བ་ཆུང་ཙག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ལ་དམིགས་པར་ཆབ་མདོས་སྤྱད་པའི་བྱེད་སྟངས་ནས་གླེང་འགོ་འཛུགས་རྒྱུ་ཡིན།
2017ལོའི་ཟླ་5པ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ཤུགས་ཆེན་སྤེལ་འགོ་བཙུགས་ནས། གཏོད་གདེང་བྱེད་སྒོའི་སྒྲིག་འཛུགས་ལས་ཁུངས་དང་། འགག་སྒྲོལ་ལས་དོན་གཞུང་ལས་ཁང་། གཏོད་གདེང་ལས་དོན་ཆེད་དོན་གཞུང་ལས་ཁང་བཅས་བཙུགས་ཏེ་གཏོད་གདེང་བྱེད་སྒོའི་སྒྲིག་འཛུགས་ལས་ཁུངས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་གཏོད་གདེང་ལས་དོན་ལ་འགན་ལེན་མཁོ་འདོན་བྱས་ཡོད་པ་རེད།
ཆེད་མིས་ཆེད་ཚན་གྱི་འགན་འཁུར་ན་ལས་དོན་ལ་གཞི་ནས་གོ་རིམ་ལྡན་ཐུབ། དེ་རྗེས་ཀྱི་ལས་དོན་ཁྲོད་ཆབ་མདོ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་དེ་ལས་ཁུངས་དང་། ཁེ་ལས། སྡེ་ཁུལ། ཤང་དང་གྲོང་རྡལ། སློབ་གྲྭ དམག་སྒར། དགོན་སྡེ། མཛེས་ལྗོངས་ཁུལ། ཁྱིམ་ཚང་བཅས“དགུ་སྤེལ”བྱེད་སྒོ་གསར་གཏོད་བྱས་ནས་སྤེལ་ཡོད་པ་རེད། “དགུ་སྤེལ”བྱེད་སྒོ་བརྒྱུད་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་རིགས་གཞུང་དང་། སྲིད་ཇུས། བཅའ་ཁྲིམས། ཁྲིམས་སྲོལ། མི་རིགས་ཀྱི་ཤེས་བྱ་བཅས་ཁྱབ་གདལ་དུ་ཕྱིན་པ་དང་། ཏང་གི་མི་རིགས་ལས་དོན་གྱི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཐུབ་པ། མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐུབ་པ་བྱུང་བ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་ཕྱིན་ཡོད།
མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་སྤེལ་བའི་ནུས་ལྡན་གྱི་བྱེད་ཐབས་ནི་དཔེ་མཚོན་གསོ་སྦྱོང་དང་དཔེ་སྟོན་སྣེ་ཁྲིད་བྱ་རྒྱུ་དེ་རེད། མིག་དཔེའི་སྟོབས་ཤུགས་ནི་འཛད་མཐའ་མེད་པ་ཞིག་ཡིན་པས། དཔེ་མཚོན་ཞིག་བཏོད་ན་ཡུག་གཅིག་ལ་སློབ་གསོ་གཏོང་རྒྱུ་དང་། ཡུག་གཅིག་ལ་སྐུལ་མ་གཏོང་རྒྱུ། ཡུག་གཅིག་ལ་སྐུལ་ཁྲིད་བྱེད་རྒྱུ་བཅས་ལ་ངལ་བ་ཆུང་ལ་གྲུབ་འབྲས་ཆེ་བའི་ནུས་པ་ཞིག་ཐོན་ཐུབ།
དེར་བརྟེན་གཏོད་འཛུགས་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད་ཆབ་མདོ་གྲོང་ཁྱེར་གྱིས་ལོ་ལྟར་གྲོང་ཁྱེར་རིམ་པ་དང་རྫོང་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐེངས་རེ་འཚོགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཉམ་སྡེབ་དང་མི་སྒེར་འོས་སྦྱོར་དང་། དཔྱད་འདེམས། གཟེངས་བསྟོད་བཅས་ཧུར་ཐག་བྱེད་པ་དང་། དཔེ་མཚོན་དང་དཔེ་སྟོན་གྱི་ཕན་འབྲས་དང་ཁྱབ་འགྱེད་ཀྱི་ཕན་འབྲས་ཆེ་རུ་ཤུགས་ཆེན་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་རྣམ་པ་ཡག་པོ་ཞིག་བཏོད་ཡོད་པ་རེད།