དབུ་ཤོག>གསར་འགྱུར།
  • ཙེང་དབན་མིང་གིས་ཅང་སུའུ་ཞིང་ཆེན་གྱི་འཇོན་ཐང་ཆེ་བའི་བོད་སྐྱོར་ལས་བྱེད་པར་གཟིགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-04-11

    ཚེས་8ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་ཅང་སུའུ་ཞིང་ཆེན་གྱི་འཇོན་ཐང་ཆེ་བའི་བོད་སྐྱོར་ལས་བྱེད་པར་གཟིགས་པར་ཕེབས་སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། འབྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་ཡག་པོ། ཟུང་འབྲེལ་ཐད་འབད་པ་ལྷོད་མེད་བཅས་བྱེད་པའི་ཐོག་ནས་དུས་རབས་གསར་པའི་བོད་སྐྱོར་ལས་དོན་གྱི་ལེའུ་གསར་པ་ཧུར་བརྩོན་ཆེན་པོས་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།

    ཙེང་དབན་མིང་གིས་དུས་རབས་ཀྱི་རྗེས་སུ་སྙེགས་ནས་ཅང་སུའུ་ཡི་བོད་སྐྱོར་ལས་དོན་མདུན་གྲལ་དུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། ཅང་སུའུ་ཡི་སྔོན་ཐོན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་བསམ་གཞི་དང་། འཕེལ་རྒྱས་ཀྱི་ཉམས་མྱོང་། འཕེལ་རྒྱས་གཏོང་སྟངས་བཅས་ལྷ་སར་ཁྱབ་སྤེལ་བཏང་ནས་ཐོན་ལས་བོད་སྐྱོར་གྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་དགོས་པ་དང་། གྲོང་གསེབ་དར་རྒྱས་ཀྱི་འགག་སྒྲོལ་དམག་འཐབ་ལེགས་པར་རྒྱག་དགོས་ཤིང་། ཐོན་ལས་གོང་འཕེལ་དང་། སྣོད་བཅུད་ལེགས་པ། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། དམངས་ཕྱུག་མྱུར་འགྲུབ་རྣམ་གྲངས་ལག་བསྟར་མགྱོགས་པོ་བྱས་ནས་ཁྱད་ལྡན་ལེགས་ལྡན་ཐོན་ལས་སྐྱེད་སྲིང་བྱེད་དགོས། ཆེད་ལས་ལག་རྩལ་འཇོན་ཐང་ཅན་གསོ་སྐྱོང་ཐུབ་པའི་འབད་པ་ལྷོད་མེད་བྱེད་དགོས་ཤིང་། “ནང་དུ་གདན་འདྲེན་པ”དང“ཕྱིར་སྐྱོད་པ”སོགས་ཀྱི་བྱེད་སྟངས་སྤྱད་དེ་ཅང་སུའུ་ཡི་མཐོ་སློབ་དང་། སློབ་གླིང་། སུའོ་བཅས་སྒྲིག་འཛུགས་ཀྱིས་ལྷ་སར་འཇོན་ཐང་ཅན་དབར་མཉམ་ལས་བྱེད་པར་མངགས་ནས་རོགས་སྐྱོར་དང་ལེན་ས་གནས་ལ་འཇོན་ཐང་ཅན་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། གཞི་རིམ་གྱི་གཡུལ་ས་གཙོ་བོ་འཛུགས་སྐྱོང་ཡག་པོ་དང་། བོད་སྐྱོར་རྣམ་གྲངས་ཀྱི་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། འཛུགས་སྐྲུན་དང་དོ་དམ་བྱ་ཐབས་མཉམ་སྤྱོད་བཅས་བྱས་ནས་རོགས་སྐྱོར་དང་ལེན་ས་གནས་ཀྱི་གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་སྤེལ་ཡུལ་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།