རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ནི་རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས་ལྡན་པའི་མི་དམངས་ཤིག་དང་མི་རིགས་56སྣ་མང་གཞི་གཅིག་དང་། ཕན་ཚུན་མཉམ་འདྲེས། ལྟ་རེས་སྲུང་རེས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོ་ཞིག་རེད་ཅེས་གསུངས།
མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་བྱེད་སྒོའི་ནུས་པའི་སྐོར་གླེང་སྐབས་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧོང་ཡུན་སུའུ་ཡིས“མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་བྱེད་སྒོ་ཕྱོགས་ཡོངས་ནས་གཏིང་ཟབ་དང་ཡུན་རིང་སྤེལ་རྒྱུ་ནི་ཀྲུང་དབྱང་གི་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་གལ་ཆེན་ཞིག་རེད་ལ་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད”ཅེས་བཤད།
བསྡོམས་རྩིས་བྱས་པར་གཞིགས་ན། 2017ལོར་རང་ལྗོངས་ཀྱི་དཔེ་སྟོན་ཚན་པ་7དང་སློབ་གསོའི་རྟེན་གཞི་2ལ་ཁག་བཞི་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་བྱེད་སྒོའི་དཔེ་སྟོན་ཚན་པ་དང་ཁག་ལྔ་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞིའི་མཚན་སྙན་སོ་སོར་ཐོབ་ཡོད་པ་རེད། མིག་སྔའི་བར་རང་ལྗོངས་སུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་དཔེ་སྟོན་ཚན་པ་23དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་6 བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་བྱེད་སྒོའི་དཔེ་སྟོན་ཚན་པ་10བཅས་ཡོད།
དུས་རབས་གསར་པར་རྣམ་པ་གསར་པ་དང་བྱ་སྤྱོད་གསར་པ་ལྡན་དགོས། རང་ལྗོངས་ཀྱི་2018ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སླད་ཕྱིན་ལོ་ལྔའི་དམིགས་ཚད་ལས་འགན་ནི་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དང་། མི་རིགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁུལ་ཧུར་ཐག་བསྐྲུན་པ། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་དང་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་མཐའ་འཁྱོངས་དང་། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། “ཁྲིད་སྟོན”ཐོག་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པ་དེ་ཡིན་པ་ཁ་གསལ་སྟོན་ཡོད།
དམིགས་ཚད་ལས་འགན་དེ་སྒྲུབ་ཐུབ་པའི་ཆེད་དུ་རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་མི་རིགས་ལས་དོན་གྱི་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་མི་རིགས་མཐུན་སྒྲིལ་ལས་དོན་དེ་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། མཐའ་མཚམས་སྲ་བརྟན་བཅས་དང་འབྲེལ་བ་ཡོད་པའི་མཐོ་ཚད་དུ་བཞག་ནས་ཇུས་འགོད་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པ་དང་འཛུགས་པའི་བྱེད་སྒོ་རྒྱུན་འཁྱོངས་ལྷོད་མེད་ངང་སྤེལ་ཏེ་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཁུལ་མཉམ་དུ་བཏོད་ནས་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་སྐུལ་འདེད་ཧུར་ཐག་གཏོང་བ། “སྣེ་ཁྲིད་པ”གསོ་སྐྱོང་བྱས་ཏེ་གཙོ་ཤུགས་དམག་བཙུགས་ནས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་རྣམ་པ་གསར་པ་བཏོད་པ་དང་ལེའུ་གསར་པ་བརྩམས་ཡོད།
ཧོང་ཡུན་སུའུ་ཡིས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་དམིགས་ཚད་ལས་འགན་ལ་དམ་འཛིན་བྱེད་པ་ནི་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ཡག་པོ་སྒྲུབ་པའི་འགག་རྩ་ཡིན་པས་ང་ཚོས་མེས་རྒྱས་ཁ་ཕྲལ་གཏོང་བ་དང་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལ་བརྟེན་ནས་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་ལམ་བུ་མཐའ་འཁྱོངས་དང་རྒྱ་སྐྱེད་བཏང་སྟེ་ཀྲུང་ཧྭ་མི་རིགས་གོང་བུ་འགྲིལ་ཤུགས་དེ་བས་ཆེ་བ་དང་ཁོང་ཡངས་རང་བཞིན་དེ་བས་ཆེ་བའི་ལས་དབང་གཅིག་མཐུན་འདུས་གྲུབ་ཕྱོགས་སུ་སྐྱོད་པར་སྐུལ་འདེད་ཟམ་མི་ཆད་པ་གཏོང་དགོས་ཅེས་བཤད།