འདི་ནི་ཀྲུང་ཡང་གིས་ཕུའུ་ཏན་སློབ་ཆེན་ཚོད་ལྟ་ཁང་དུ་ཕྱག་ལས་གནང་བཞིན་པ། (2012ལོའི་དཔྱད་གཞིའི་པར)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། “ཤྭ་བ་སྐེ་རིང་རྡོ་བཞིན་ཆུ་ལ་འབྱིང་མི་སྲིད་པར། ཆུ་སྟེང་དུ་བཀྱགས་ནས་སྡོད་ཀྱི་ཡོད། འོན་ཀྱང་སྐེ་རིང་བས་ཆུ་རྐྱལ་ལ་འགོག་རྐྱེན་བཟོ་བའི་ཁར་བདེ་ལྕག་ཀྱང་འཁྱུག་པོ་མེད་པས་སྲོག་ལ་ཉེན་ཁ་འཕྲད་ཀྱི་ཡོད།ཁྱེད་ཚོས་བྱས་ན། དེ་འདྲ་རེད་དམ”
“ང་ཁུར་མོང་ལ་དགའ་པོ་ཡོད། མེ་ཏོག་བཞད་ནས་ས་བོན་སྨིན་པའི་སྐབས། སྦར་མོ་གང་འཇུས་ཏེ་གློད་ཚེ་སྦར་མོའི་ནང་སོན་ཉིས་བརྒྱ་ཙམ་ཡོད་པས། ངོ་མཚར་ཆེན་པོ་མི་འདུག་གམ”
གྲོགས་པོ་ཆུང་ཆུང་ཚོས་ཐོས་པའི་དགོད་བྲོ་ལ་ངོ་མཚར་ཆེ་བའི་ཚན་རིག་སྐོར་གྱི་སྐད་ཆ་དེ་དག་ནི“ཚན་རིག་གི་རུ་དཔོན”རྒན་ཀྲུང་ལགས་ཀྱི་བཀའ་མོལ་རེད།
མི་མང་པོ་ཞིག་གིས་རྒན་ཀྲུང་ལགས་གྲོངས་རྗེས། ཁོང་གིས་ཧྲང་ཧའེ་དང་བོད་དུ་ལྗིད་རྫོབ་ཆེ་བའི་ཚན་ཞིབ་སློབ་ཁྲིད་ཀྱི་ལས་འགན་ཁུར་པ་ཕུད། ད་དུང་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བའི་ལས་དོན་བསྒྲུབས་གནང་བ་དེ་གཞི་ནས་ཤེས།
རྒན་ཀྲུང་ལགས་སྔ་རྗེས་སུ་ཧྲང་ཧའེ་ཚན་རྩལ་ཁང་དང་ཧྲང་ཧའེ་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་གི་གྲབས་འཛུགས་ལ་ཞུགས་པ་དང་འབྲེལ། རིག་གཞུང་ཨུ་ལྷན་གྱི་ཁོངས་མིའི་ངོས་ནས་རྟེན་རྫས་བཤམས་མཛོད་ཁང་གི་འཛུགས་སྐྲུན་ལ་ཞབས་འདེགས་ཞུས་པ་མ་ཟད། ཧྲང་ཧའེ་ཚན་རྩལ་ཁང་གི་དབྱིན་ཡིག་པར་རིགས་ཡིག་སྒྱུར་དང་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་པང་512ཀྱི་རྒྱ་ཡིག་དང་དབྱིན་ཡིག་གི་ཡིག་རིས་རྩོམ་སྒྲིག་གི་ཕྱག་ལས་གནང་བ་རེད།
ལོ་མང་རིང་། རྒན་ཀྲུང་ལགས་ཧྲང་ཧའེ་དང་བོད་ལྗོངས་དབར་འགྲོ་འོང་ཐེངས་མང་གནང་ནའང་། ཚན་རྩལ་ཁྱབ་གདལ་གྱི་དང་བླངས་ཞབས་ཞུའི་བྱེད་སྒོར་མ་ཞུགས་པ་གནང་མྱོང་མེད། ལོ་ལྟར་སྤྱི་ཕན་ཚན་རྩལ་ཁྱབ་གདལ་འཆད་ཁྲིད་ཐེངས་30གནང་བ་མ་ཟད། ཁོང་གི་ཚོད་ལྟ་ཁང་ཡང་སློབ་གྲྭ་འབྲིང་ཆུང་གི་སློབ་མར་སྒོ་ཕྱེ་ཡོད།
ཁོང་གི་སློབ་མ་ཁྲེན་ཁོ་ཡོན་གྱིས་རྒན་ཀྲུང་ལགས་ནི་ཚན་རྩལ་ཁྱབ་གདལ་ལ་དབྱིངས་བཞུགས་མཁན་ཞིག་རེད། གྲོགས་པོ་ཆུང་ཆུང་ཚོར་སྐར་མ་བཅུ་ཡོད་པའི་ཚན་རྩལ་ཁྱབ་གདལ་གྱི་བརྙན་ལམ་བཟོ་སྐབས་ཆུ་ཚོད་བཞི་ལྔ་ཙམ་འགོར་བ་དང་ཡིག་ནོར་དང་སྒྲ་གདངས་གསལ་པོ་མ་བྱུང་ན། མགོ་ནས་བླུག་སྐྱོར་གནང་གི་ཡོད་ཅེས་བཤད། སློབ་མ་ཀྲའོ་ཉིང་གིས་ཉིན་ཞིག་རྒན་ཀྲུང་ལགས་ཀྱིས་ཤེལ་སྒོར་གཟིགས་ནས་གཏམ་བཤད་བྱེད་སྟངས་སྦྱོང་གི་འདུག སྐད་ཆ་དྲིས་རྗེས་ཁོང་གིས་སློབ་འབྲིང་སློབ་མར་གློག་བརྙན《ཨ་ཕན་ཏ》ཡི་སྐྱེ་དངོས་རིག་པའི་ཤེས་བྱ་གཏམ་བཤད་གནང་མཁན་ཡིན་པ་ཤེས་བྱུང་ཞེས་བརྗོད།
“ཁོང་ཐུགས་བྲེལ་ག་ཚོད་ཆེ་ཡང་།གང་ཐུབ་ཅི་ཐུབ་ཀྱིས་ཕེབས་ནས་ང་ཚོ་དང་མཉམ་དུ་པར་རིས་འགྲེམས་པང་གི་ནང་དོན་ལ་གྲོས་བསྡུར་གནང་གི་ཡོད། ང་ཚོས་ཀྱང་འཛེམས་བག་མེད་པར་དཀའ་གནད་ཆེ་ཤོས་དེ་ཁོང་ལ་སྤྲོད་ཀྱང་བྱེད་ཀྱི་ཡོད”ཅེས་ཧྲང་ཧའེ་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་པར་རིས་རྣམ་གྲངས་ཀྱི་འགན་འཁུར་བ་པའོ་ཅི་ཏུང་གིས་དྲན་གསོ་བྱེད་བཞིན་དུ་བཤད།
“ཁྱེད་རང་བྲེལ་བ་ཆེན་པོ་ཡོད་པས། ཕྲུ་གུ་ཚོར་ཚན་རྩལ་ཁྱབ་གདལ་གྱི་སློབ་ཚན་ཁྲིད་ནས་ཅི་བྱེད”ཅེས་འདྲི་སྐབས། ཁོང་གིས“ཚན་རིག་བྱིས་པའི་སེམས་སུ་ཟུག་ཐུབ་པའི་ཡིད་ཆེས་ཡོད། ཕྲུ་གུ་ཚོས་ཚན་རྩལ་ལ་བཅངས་པའི་སྤྲོ་སྣང་འཕེལ་ཐུབ་ན། ཕྱིས་སུ་ཚན་རིག་མཁས་ཅན་ཁ་ཤས་ཐོན་སྲིད”ཅེས་གསུངས།
རྒན་ཀྲུང་ལགས་ཀྱིས་རང་གི་ཕྲུ་གུ་མཚེ་མར“ཡུན་ཁྲེན”དང“ཡུན་ཧྲེ”ཞེས་པའི་སྐྱེ་དངོས་ཀྱི་མིང་བཏགས། ཁོང་གིས་ཀུ་རེ་དང་བཅས“གལ་ཏེ་ཚང་མས་སྐྱེ་དངོས་ཀྱི་མིང་ཕྲུ་གུར་བཏགས་ན། ཚན་རྩལ་ཁྱབ་གདལ་གྱི་དུས་སྐབས་ཡག་ཤོས་འཆར་བ་མིན་ནམ”ཞེས་གསུངས།
རྒན་ཀྲུང་ལགས་མ་གྲོངས་གོང་བོད་ལྗོངས་མེ་ཏོག་རྫོང་འབྲས་སྤུངས་ཤང་གི་ཕུགས་རེའི་སློབ་ཆུང་དུ་ཕེབས་ནས། མོན་པ་རིགས་ཀྱི་སློབ་མ་160ལྷག་ཙམ་ལ་ཚན་རྩལ་ཁྱབ་གདལ་གྱི་སློབ་ཁྲིད་གནང་། ཁོང་གིས་སློབ་གྲྭའི་ཆ་རྐྱེན་སྐྱོ་བ་མཁྱེན་སྐབས་དངུལ་སྒོར་ཁྲི་10ཞལ་འདེབས་བརྒྱབ། འོན་ཀྱང་སློབ་གྲྭ་དེའི་སློབ་སྤྱིས་དངུལ་དེ་མ་བླངས་པར“ཕྲུ་གུ་ཚོར་ཚན་རིག་གི་ཤེས་བྱ་མཁོ་གི་འདུག བྱས་ཙང་ཁྱེད་རང་ང་ཚོའི་སློབ་གྲྭར་ཚན་རྩལ་ཤེས་བྱ་འཆད་ཁྲིད་གནང་བར་མང་ཙམ་ཕེབས་རོགས”ཞེས་ཤོད་སྐབས། རྒན་ཀྲུང་ལགས་ཀྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར“ང་ངེས་པར་དུ་ཡོང་གི་ཡིན”ཞེས་གསུངས།