དབུ་ཤོག>གསར་འགྱུར།
  • དཀའ་ཚེགས་ཆེན་པོས་འཚོལ་བསྡུའི་ལས་ལ་གཞོལ། མི་རབས་རྗེས་མར་བྱས་རྗེས་རླབས་ཆེན་བཞག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-03-27

    རྩོམ་སྒྲིག་པའི་གཏམ།

    བོད་སྐྱོར་ལོ་16རིང་ཕུའུ་ཏན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲུང་གཡང་གིས་གངས་ལྗོངས་ས་མཐོར་ངལ་བ་དང་དུ་བླངས་ནས་སྤྱི་ལེ་ཁྲི་50ལྷག་ཙམ་དུ་བསྐྱོད་མྱོང་བ་དང་། ས་བབ་མཐོ་ཚད་སྨི་6000ལྷག་ཙམ་སར་བསྐྱོད་ཅིང་གྲང་རླུང་དང་ས་མཐོའི་ལ་དུག་སོགས་ཁྱད་བསད་གནང་ནས་སྐྱེ་དངོས་ཀྱི་སོན་ཁྲི་4000ལྷག་ཙམ་བཏོགས་ཏེ་རྒྱལ་ཁབ་དང་མིའི་རིགས་ལ་ཕུན་སུམ་ཚོགས་པའི་གཞི་རྐྱེན་མཛོད་བཙུགས་ཡོད་ལ།  ནུབ་རྒྱུད་ས་ཁུལ་དུ་བརྩེ་སེམས་བཅངས་ནས་གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་མ་འབོར་ཆེན་གསོ་སྐྱོང་གནང་བ་དང་འབྲེལ་བོད་ལྗོངས་སློབ་ཆེན་ལ་ཨང་དང་པོ་མང་པོ་གཏོད་རོགས་བྱས་ཡོད།  

    ཁོང་གིས་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་བཅངས་ནས། མེས་རྒྱལ་གྱི་ས་གཞི་ཆེ་མོར་རྩ་བ་ཚུགས་ཤིང་།  ལྷག་བསམ་རྣམ་དག་གིས་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཏུ་ལས་དོན་བསྒྲུབས་ནས་རྒྱལ་ཁབ་དང་།  མི་རིགས།  མི་དམངས་བཅས་སེམས་ཀྱི་གནས་བབ་མཐོ་ཤོས་སུ་འཇོག་པའི་བྱས་རྗེས་བཞག་ཡོད།  འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ཁོང་དང་འདྲ་བའི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་མཁན་གུང་ཁྲན་ཏང་མི་གྲངས་མེད་ང་ཚོར་དགོས་གལ་ཆེན་པོ་ཡོད། 

    དེ་རིང་ནས་བཟུང་། ང་ཚོའི་དྲ་བ་དང་། སྐད་འཕྲིན། དུད་སྣེ་བཅས་ཀྱི་ཐོག་ཀྲུང་གཡང་གི་གཏམ་རྒྱུད་མུ་འབྲེལ་འགོད་རྒྱུ་ཡིན་པས་གཟིགས་གནང་ཡོད་པ་ཞུ།


    稿件图.jpg

    “སོན་འཐོག་སྐབས་ང་ཁུར་མོང་གི་སོན་འཐོག་པར་དགའ་པོ་ཡོད།  སྦར་མོ་གང་ལ་ཧ་ལམ་སོན་200ལྷག་ཙམ་ཡོད།  བེ་ཏའི་སོན་འཐོག་པར་དགའ་པོ་མེད།  དེ་ཡང་རྡོག་པོ་ཆེ་ལ།  མ་དཔེ་གཅིག་ལ་སོན་དེ་འདྲ་རྐང་5000ཙམ་འཐོག་དགོས་པ་མ་ཟད། རླངས་འཁོར་གྱིས་དབོར་དགོས་ཀྱི་ཡོད”ཅེས་ཕུའུ་ཏན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་རང་རྒྱལ་གྱི་གྲགས་ཅན་སྐྱེ་དངོས་རིག་པ་མཁས་ཅན་ཀྲུང་གཡང་གིས་ཀུ་རེ་དང་བཅས་བརྗོད།  

    2005ལོའི་ཟླ་བ་བརྒྱད་པར་བོད་ཀྱི་བྱང་རྩྭ་ཐང་དུ་ཀྲུང་གཡང་གིས་དགེ་ཕྲུག་ཁྲིད་དེ་འདམ་རྫབ་ཀྱི་སྲང་ལམ་བརྒྱུད། ཉིན་གང་ཏག་ཏག་བསྐྱོད་ཅིང་། མཐར་རྫོང་གྲོང་གི་མགྲོན་ཁང་ཆུང་ཆུང་ཞིག་ཏུ་འབྱོར།  རྐང་ལག་འཁྱགས་ཧྲེངས་ཐེབས་གྲབས་ཀྱི་གནས་སུ་གྱར་རུང་མགྲོན་ཁང་དུ་ལྕི་བའི་མེ་ཐབ་གཅིག་པུ་ལས་མེད་པ་མ་ཟད།  ངོ་གདོང་འཁྲུད་སྐབས་ཀྱང་ཆུ་ཟོམ་ནང་གི་འཁྱག་པ་བཅག་ནས་འཁྲུད་དགོས་ཀྱི་ཡོད། ཚང་མ་ངལ་དུབ་ཀྱིས་མནར་ནས་མགོ་ཡང་བཀྱག་ཐུབ་ཀྱི་མེད།  “མུ་མཐུད་སྡུག་རུས་ཏོག་ཙམ་གྱིས་དང”ཅེས་གསུང་བཞིན་ཁོང་གིས་སྣེ་ཁྲིད་དེ་ཉིན་དེར་བཏོགས་པའི་སྐྱེ་དངོས་རྣམས་ཐོར་བཀོད་པ་དང་མ་དཔེ་དེབ་ཀྱི་གསེང་དུ་མནན།  “མ་དཔེ་དེབ་ཀྱི་གསེང་དུ་མ་མནན་ན་རུལ་འགྲོ་གི་རེད།  དེ་ལྟར་མ་བྱས་ཚེ་ཉིན་གཅིག་གི་ལས་ཀ་འབྲས་མེད་དུ་འགྱུར་གྱི་རེད”ཡལ་ག་དང་ལོ་མ་ཁོད་སྙོམས་པོས་གནོན་དགོས་ལ་ལྷག་སྐམ་ཡང་གཏོང་དགོས།  ཤིང་འབྲས་ལ་བཟའ་ཡོད་ན་སྔོན་ལ་ཤིང་འབྲས་ནང་གི་བཟའ་གཙང་མར་འདོན་དགོས།  བཏོགས་མ་ཐག་པའི་སྐྱེ་དངོས་ཉིན་དེ་རང་དུ་ལྷག་སྐམ་གཏོང་དགོས། དེ་འདྲ་མ་བྱས་ན་རུལ་འགྲོ་གི་རེད་ཅེས་བརྗོད།  

    ཞོགས་པའི་ཆུ་ཚོད་དྲུག་པར་ཁོང་དང་དགེ་ཕྲུག་ཚོ་ཡར་ལངས་ནས་དེབ་ཀྱིས་མནན་པའི་མ་དཔེ་དང་ལྷག་སྐམ་བཏང་བའི་སོན་ཐུམ་རྒྱག་པ་དང་མཚོན་རྟགས་བཀོད་རྗེས་རྡོག་ཐོན་བྱེད་འགོ་ཚུགས།  “རླངས་འཁོར་ནས་ཕྱིར་མིག་ལྟ་སྐབས་འདྲིས་ཆེ་བའི་གྱང་དང་ཚོན་མདོག་སྣ་ཁའི་དར་ལྕོག་མིག་ལམ་དུ་འཆར་ལ།  མགྲོན་ཁང་སྦྱིན་བདག་གི་ནང་མི་ཚང་མས་ལག་ཡུག་ཡུག་བྱེད་བཞིན་མཆིས།  ཞོགས་པའི་ཉི་ཟེར་ཡང་རླངས་འཁོར་གྱི་སྒེའུ་ཁུང་ལས་འཕྲོ་སྐབས་སེམས་ལ་དྲོ་ལྷང་ལྷང་གི་སྣང་བ་ཞིག་སྦྱིན”ཞེས་ཁོང་གིས་ཉིན་ཐོར་བྲིས་ཡོད།  

    མཚོ་བོད་ས་མཐོར་སྐྱོད་སྐབས་སྐབས་འགར་ཉིན་གཅིག་ལ་རླངས་འཁོར་དུ་སྤྱི་ལེ་བདུན་བརྒྱ་བརྒྱད་བརྒྱ་སྐྱོད་དགོས་པ་དང་མཚན་འགྲུལ་རྒྱག་པ་ནི་རྒྱུན་གཏན་ཞིག་ཡིན་ལ།  ལྟོ་ཟ་བའི་ཁོམ་པ་དེ་བས་ནི་དཀོན།   སྟོད་ཕད་དུ་མ་དཔེ་མང་ཙམ་བླུག་ཐུབ་ཆེད།  ཁོང་དང་དགེ་ཕྲུག་ཚོས་རྒྱུན་དུ་བག་ལེབ་སྐམ་པོ་དང་ཚལ་བསྙལ་མ་འཁྱེར་བ་དང་བསྐོམས་ན་གཙང་ཆུ་འཐུང་གི་ཡོད།  གལ་ཏེ་ཕག་པའི་རྒྱུ་མ་འཁྱེར་རྒྱུ་ཡོད་ན་ཞིམ་ཟས་སུ་བརྩི་གི་ཡོད།  “ཟས་འཇུ་སླ་པོ་མེད་པ་བཟས་ན་ལྟོགས་དཀའ་བ་དང་།   ལྟོགས་དུས་ཀྱི་ཟ་མ་ལས་ཞིམ་པ་མེད”ཅེས་ཁོང་གིས་དེ་ལྟར་བརྗོད། དགེ་ཕྲུག་ཚོར་ཤ་ཚ་གནང་སྟེ་ལྷ་ས་ནས་ཐོན་རིམ་བཞིན་ཁོང་གིས་ཆུ་ཚོད་གཅིག་གི་གོང་ནས་ཁོང་ཚོར་རོ་བཅུད་ཕུན་སུམ་ཚོགས་པའི་ཞོགས་ཟས་གྲ་སྒྲིག་བྱས་ཏེ་རྒྱགས་ཚད་བཟས་རྗེས་ཐོན་གྱི་ཡོད།  

    རྒྱུན་དུ་གྲུམ་བུའི་ནད་ལང་སྐབས་སྡུག་རུས་གནང་སྟེ་རྒྱུགས་པ་ཞིག་བསྒྲུགས་ནས་ཞབས་བཀྱོག་ཙམ་བཀྱོག་ཙམ་ངང་དགེ་ཕྲུག་ཚོ་ཁྲིད་དེ་རིར་ཐོན་གྱི་ཡོད།   ཉེན་ཁ་ཆེ་བའི་ལམ་དུ་ཁོང་གིས་སྔོན་ལ་རང་ཉིད་ཀྱིས་ལམ་ཇི་འདྲ་ཡོད་མེད་ལྟ་བ་དང་། ཉེན་ཁ་མེད་པ་ཤེས་རྗེས་དགེ་ཕྲུག་རྣམས་གཞི་ནས་སྐྱོད་དུ་འཇུག་གི་ཡོད།  ཀྱག་ཀྱོག་གི་ལམ་བུར་སྐྱོད་སྐབས་དགེ་ཕྲུག་གི་བག་ཆགས་ཆེ་ཤོས་ནི་གཟུགས་སྟོབས་ཆེ་ཞིང་། ལུས་ལ་རི་འཛེག་སྟོད་གོས་སྣུམ་པོ་དང་གླང་རྫི་གོས་ཐུང་དཀར་པོ་གྱོན་པའི་གཟུགས་བརྙན་དེ་རེད།   རྒན་ཀྲུང་ལགས་ནད་ཀྱིས་མནར་ནས་རྔུལ་ཆུ་འཁྲུམ་འཁྲུམ་དུ་ཤོར་བ་མཐོང་སྐབས་དགེ་ཕྲུག་རྣམས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་མོད། རྒན་ཀྲུང་ལགས་ཀྱིས་ན་ཟུག་བཟོད་བཞིན་འཛུམ་དམུལ་དམུལ་གྱིས“སྐྱོན་མི་འདུག  ཟུག་མགྱོགས་པོ་འཇགས་ཀྱི་རེད”ཅེས་གསུང་གི་ཡོད།

    ལོ་16རིང་། ཁོང་གི་ཞབས་རྗེས་མཚོ་བོད་ས་མཐོའི་རི་ཀླུང་གང་སར་བཞག་ཡོད་ལ། ཁོང་འཆི་གསོན་ཡང་གྲངས་མེད་བརྒྱུད་མྱོང་ཡོད། གཡང་གཟར་ཀྱག་ཀྱོག་གི་རི་ལམ་དུ་སྐྱོད་སྐབས་འབབ་རྡོ་རླངས་འཁོར་གྱི་སྟེང་དུ་ཟགས་མྱོང་བ་དང་། ལམ་ནོར་ཐེབས་ནས་མི་མེད་ལུང་སྟོང་དུ་སླེབས་ཏེ་འགྲུལ་ཁང་ཕར་ཞོག་ཐ་ན་ལྟོ་ཆས་ཀྱང་རག་གི་མེད། “ཐེངས་ཤིག་ཕྱིར་སོན་འཐོག་པར་སྐྱོད་སྐབས། རྒན་ཀྲུང་ལགས་ཀྱིས་མངའ་རིས་སུ་སྐྱོད་དགོས་ཞེས་ཤོད་དུས།  ང་ཚོ་ཚང་མ་ཡིན་ནམ་མིན་ནམ་སྙམ་ནས་མངའ་རིས་ས་བབ་མཐོ་བའི་ཁར་ཆ་རྐྱེན་ཧ་ཅང་ཞན་པ་དང་།  སྐྱེ་དངོས་ཀྱི་རིགས་ཉུང་བས་ཉིན་གཅིག་དཀའ་ལས་བརྒྱབ་ཀྱང་རིགས་ཁ་ཤས་ལས་རྙེད་ཀྱི་མེད་པས་ཚང་མ་འགྲོ་འདོད་བྱེད་ཀྱི་མེད།   གལ་ཏེ་སྐྱེ་དངོས་རིགས་ཕུན་སུམ་ཚོགས་པའི་བོད་ཀྱི་ཤར་ལྷོར་བསྐྱོད་ཚེ་ཁོར་ཡུག་གི་ཆ་རྐྱེན་ལེགས་ལ་སྐྱེ་དངོས་ཀྱང་མི་ཉུང་བ་ཞིག་རྙེད་སྲིད”ཅེས་བཤད་པས། རྒན་ཀྲུང་ལགས་ཀྱིས“མི་ཚང་མ་སྐྱོད་འདོད་མེད་པའི་ས་ཆར་ང་ཚོ་ངེས་པར་དུ་སྐྱོད་དགོས།  མངའ་རིས་ས་ཁུལ་དུ་རྙེད་མྱོང་མེད་པའི་སྐྱེ་དངོས་མང་པོ་ཡོད་སྲིད་པས།  རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་རིན་ཐང་ཆེན་པོ་ལྡན་ཡོད”ཅེས་གསུང་གི་འདུག་ཅེས་དགེ་ཕྲུག་ཀེང་གཡོད་ཕུང་གིས་དྲན་གསོ་བྱེད་ཀྱིན་བརྗོད།

    ད་ཆ་ཀྲུང་གཡང་དང་དགེ་ཕྲུག་ཚོས་བཏོགས་པའི་སྐྱེ་དངོས་སོན་ཁྲི་4000ལྷག་དེ་དག་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20དང་གཤེར་ཚད་15%ཡོད་པའི་གྲང་མཛོད་ལ་ཉར་ཚགས་བྱས་ཡོད། སྐྱེ་དངོས་ཀྱི་སོན་དེ་དག་ལོ་80དང་ལོ་120སོང་རྗེས་འབྱུང་འགྱུར་གྱི་མི་རབས་ལ་ཕན་པ་སྦྱིན་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།