གནའ་དེང་ཟུང་དུ་འབྲེལ་བའི་ལྷ་ས་གྲོང་ཁུལ་དུ་མི་རིགས་ཁག་གི་མང་ཚོགས་ཚོས་ལྷག་བསམ་རྣམ་དག་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་ཟབ་མོ་འཆང་བ་དང་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་ཞི་མཐུན་ཀྱི་དུས་བབ་སྲུང་སྐྱོང་བྱས་ཏེ་མི་རིགས་མཐུན་སྒྲིལ་བརྟན་ཞིང་གཡོ་བ་མེད་པ་དང་། དར་ཞིང་རྒྱས་པ། གཡུར་ཟའི་གྲུབ་འབྲས་ཐོབ་པ་བཅས་ཡོང་བར་བྱས་པ་རེད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཟླའི་ནང་ལྷ་སའི་མི་རིགས་ཁག་གི་སྤུན་ཟླ་ཚོས་ལག་གདང་སྦྲེལ་ནས་མཉམ་དུ་འཕེལ་རྒྱས་ཡོང་བར་བྱས་ཏེ་མི་སེམས་འགུལ་བའི་མི་རིགས་མཐུན་སྒྲིལ་གྱི་ཞི་མཐུན་ལེའུ་མང་དག་ཅིག་བརྩམས་ཡོད་པ་རེད།
འདས་ཟིན་པའི་ལོ་གཅིག་རིང་། ལྷ་ས་གྲོང་ཁྱེར་གྱིས་མི་རིགས་ཁག“མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་བྱེད་པའི”མི་རིགས་ལས་ཀའི་བརྗོད་དོན་གཙོ་བོ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གྱི་དགོངས་དོན་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གཏོད་པའི་བྱེད་སྒོ་ཧུར་ཐག་སྤེལ་ནས་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་ཡོང་བར་བྱས་པ་རེད།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་དུ་སྡོད་མཁན་མའེ་མའེ་ཐི་ཨའེ་ཙེ་ཙི་ནི་ཤིན་ཅང་ཝུའུ་ལུའུ་མུའུ་ཆི་བ་རེད། ལོ་ལྔའི་གོང་ལྷ་སར་ཟ་ཁང་འཛུགས་པར་སླེབས་པའི་ཁོང་ལ་སྲིད་གཞུང་སྡེ་ཚན་གྱི་ཐུགས་ཁུར་དང་ས་གནས་དེ་གའི་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་པ་ལས་ཚོང་ཧ་ཅང་ཡག་པོ་ཡོད་པ་རེད།
མའེ་མའེ་ཐི་ཨའེ་ཙེ་ཙི་ཡིས“ལྷ་སར་ཟ་ཁང་བཙུགས་ནས་ལོ་ལྔ་སོང་རིང་བོད་རིགས་དང་། རྒྱ་རིགས། ཡུ་གུར་རིགས་སོགས་མི་རིགས་ཁག་གི་མང་ཚོགས་དབར་ཕན་ཚུན་རོགས་རེས་དང་མཛའ་མཐུན་ལྡན་པ་མ་ཟད། བརྩེ་བ་ཟབ་མོའང་ལྡན་པའི་མྱོང་ཚོར་ཟབ་མོ་བྱུང་། ལྷ་སའི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་མཛའ་མཐུན་དང་གྲོང་ཁྱེར་སྔར་བས་མཛེས་སྡུག་ལྡན་པར་འགྱུར་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་བཤད།
མེ་མེ་ཐེ་ཨའེ་ཙེ་ཙེ་དང་འདྲ་བར་ལྷ་སར་ཚོང་རྒྱག་པར་སླེབས་པའི་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླ་ད་དུང་ཧ་ཅང་མང་པོ་ཡོད་པས་ལྷ་ས་གྲོང་ཁྱེར་གྱིས་མི་རིགས་ཁག་ལ་དགོས་མཁོ་ཤིན་ཏུ་ཆེ་བའི་ཚོང་ཟོག་ཐོན་སྐྱེད་བྱེད་མཁན་ཁེ་ལས་སྒྲིག་འཛུགས་བྱས་ཏེ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་འགྲེམས་སྟོན་བྱེད་སྒོ་དང་ཨའོ་མོན་རྒྱལ་སྤྱིའི་མ་འཇོག་ཚོང་དོན་འགྲེམས་སྟོན་སྐབས་22པར་ཞུགས་སུ་བཅུག་ཡོད། ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཚོང་དོན་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་ལེགས་པ་སྤྲོད་པ་དང་ཁེ་ལས་ལ་དེ་བས་རྒྱ་ཆེ་བའི་སྤེལ་རེས་མཉམ་ལས་ཀྱི་ལས་སྟེགས་གཏོད་ཆེད། འགྲེམས་སྟོན་དེ་ལྟ་བུར་ཞུགས་པའི་གོ་སྐབས་ད་དུང་ཧ་ཅང་མང་པོ་ཡོད།
ལྷ་ས་གྲོང་ཁྱེར་གྱིས་ད་དུང་དཔྱིད་གསར་དུས་ཆེན་དང་། བོད་ཀྱི་ལོ་གསར། “3·28”ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ། ཟླ་མཆོད་དུས་ཆེན་སོགས་དུས་ཆེན་སྐབས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བའི་འཐུས་མི་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོཌ། གྲངས་ཉུང་མི་རིགས་ཀྱི་འཐུས་མི། གྲངས་ཉུང་མི་རིགས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་སོགས་སྒྲིག་འཛུགས་གང་ལེགས་བྱས་ཏེ་འཚམས་འདྲི་དང་། འཁྲབ་སྟོན། བཞུགས་མོལ་ཚོགས་འདུ་སོགས་ཀྱི་བྱེད་སྒོ་མང་པོ་སྤེལ་གྱི་ཡོད།
ལྷ་ས་གྲོང་ཁྱེར་གྱིས་ད་དུང“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་གྱིས་མཉམ་དུ་ཀྲུང་གོའི་ཕུགས་འདུན་སྒྲུབ”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་སྟེ། “9·16མི་རིགས་མཐུན་སྒྲིལ་དང་དུས་བདེ་དྲིལ་བསྒྲགས་ཉིན་མོར”ཁྲོམ་གཞུང་དུ་དྲིལ་བསྒྲགས་དཔྱད་ཡིག་དང་། དྲིལ་བསྒྲགས་ལག་དེབ། དྲིལ་བསྒྲགས་ཁུག་མ། དྲིལ་བསྒྲགས་འགྲེམས་པང་སོགས་བཀོད་སྒྲིག་བྱས་པ་དང་དྲིལ་བསྒྲགས་དཔྱད་ཡིག་དང་དྲིལ་བསྒྲགས་ཁུག་མ་3000ལྷག་ཙམ་སྤྲད་པ་རེད། 9·17ཉིན“མི་རིགས་མཐུན་སྒྲིལ་ལ་བསྔགས་བརྗོད་བྱེད་པའི་རིག་རྩལ་མཚན་ཚོགས”འཚོགས་པ་དང་སྐབས་རིམ་བྱུང་གི་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་བ་མི་སྒེར་20ལྷག་ཙམ་བྱེད་སྒོ་སྤེལ་ཡུལ་དུ་མཚན་ཚོགས་ལ་ལྟ་བར་གདན་དྲངས་པ་རེད། ད་དུང་བོགས་གཏོང་རླངས་འཁོར་ཀུང་སི་དང་མཐུན་སྦྱོར་གྱིས་གྲོང་ཁྱེར་དེའི་བོགས་གཏོང་རླངས་འཁོར་1200ལ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་འབོད་ཚིག་བཀོད་དེ་དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད་པ་རེད། ལྷ་ས་བརྙན་འཕྲིན་ལས་ཁུངས་ཀྱིས་2017ལོའི་ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་མཉམ་སྡེབ་དང་མི་སྒེར་གྱི་སྔོན་ཐོན་བྱས་རྗེས་30ལྷག་ཙམ་གཅིག་སྡུད་སྤེལ་གཏོང་བྱས་པ་དང་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བའི་འཐུས་མི་4སྒྲིག་འཛུགས་བྱས་ནས་ཆུ་ཤུར་རྫོང་དུ་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བྱས་རྗེས་དྲིལ་བསྒྲགས་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད།
ད་ཆ་ལྷ་སའི་རྒྱ་ཆེ་བའི་ས་གཞིར་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ལྡན་པའི་མི་རིགས་ཁག་གི་བུ་ཕྲུག་ཚོས་རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་གྱི་ལག་ཟུང་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཆར་གཞི་བཀོད་དེ་ཐུན་མོང་དུ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་བཞིན་མཆིས།