དབུ་ཤོག>གསར་འགྱུར།
  • སྐར་མ་དགོན་གསར་སྲང་ལམ་གྱི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཐུང་ངུ་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-03-02

    མིག་སྔར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྐར་མ་དགོན་གསར་སྲང་ལམ་གྱི་ཚོགས་ཁང་ནང《ང་ཀྲུང་ཧྭ་ལ་དགའ》ཞེས་པའི་སྙན་འཇེབས་ལྡན་པའི་འགྱུར་ཁུག་ཁྲོད། སྲང་ལམ་ཁོངས་གཏོགས་ཁུལ་ནས་ཡོང་བའི་ཡུ་གུར་རིགས་དང་། ཧུའེ་རིགས། བོད་རིགས། རྒྱ་རིགས་བཅས་མི་རིགས་ཁག་གི་མང་ཚོགས་མཉམ་འཛོམས་ཀྱིས་གླུ་ལེན་གར་འཁྲབ་བྱས་ནས་རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་དང་མི་རིགས་མཐུན་སྒྲིལ་ལ་རྒྱབ་སྐྱོར་བྱས་ཚུལ་མཚོན་པར་བྱས།

    “ཡུ་གུར་རིགས་ཀྱི་སྤུན་ཟླར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་ཚོས་ང་ཚོ་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་འཚོ་བའི་ཐད་རོགས་རམ་བྱས་བྱུང”ཞེས་སྐར་མ་དགོན་གསར་སྲང་ལམ་གྱི་མ་མཐའི་འཚོ་བ་འགན་ལེན་ཁྱིམ་ཚང་གི་གྲོང་མི་དབང་མོས་བཤད། ཚོགས་རར་དབང་མོས་ཡུ་གུར་རིགས་ཀྱི་སྤུན་ཟླ་མའེ་མའེ་ཐི་ཨའེ་ཙེ་ཙེ་ཡི་ལག་ནས་འཚམས་འདྲིའི་དངུལ་སྒོར་1500ལེན་སྐབས་ཐུགས་རྗེ་ལན་འབུལ་ཐེངས་མང་ཞུས་པ་རེད།

    འདི་ནི་སྐར་མ་དགོན་གསར་སྲང་ལམ་གྱི་ཡུ་གུར་རིགས་དང་། ཧུའེ་རིགས། བོད་རིགས། རྒྱ་རིགས་བཅས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མཚོན་ཚུལ་གསོན་ཉམས་དོད་པོ་ཞིག་རེད།

    མའེ་མའེ་ཐི་ཨའེ་ཙེ་ཙེ་ནི་ཤིན་ཅང་ཝུའུ་རུམ་མུ་ཆི་བ་ཡིན་པ་དང་། ལོ་ལྔའི་གོང་ནས་ལྷ་སར་བཟའ་བཏུང་གི་ཚོང་རྒྱག་པར་སླེབས། ལོ་ལྔའི་རིང་སྲིད་གཞུང་སྡེ་ཚན་དང་ས་གནས་དེ་གའི་མང་ཚོགས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ཁོང་གི་ཚོང་ཇེ་ཡག་ཏུ་སོང་ཡོད། ཁོང་གིས“ལྷ་སར་ལོ་ལྔ་ལས་གཏོད་བྱེད་རིང་། བོད་རིགས་དང་། རྒྱ་རིགས། ཡུ་གུར་རིགས་བཅས་མི་རིགས་ཁག་གི་མང་ཚོགས་ཕན་ཚུན་རོགས་རེས་དང་མཛའ་བརྩེ་ཟབ་པོ་ཡོད་པ་ངས་མྱོང་ཚོར་ཐུབ་བྱུང་། ངས་འབད་བརྩོན་བྱས་པ་བརྒྱུད་ལྷ་སའི་མི་རིགས་མཐུན་སྒྲིལ་དེ་བས་མི་སེམས་འགུལ་བ་ཞིག་ཡོང་བའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད་བྱུང་།

    དེ་རྗེས་མའེ་མའེ་ཐི་ཨའེ་ཙེ་ཙེ་ཡིས་རང་གི་འཁྲིས་སུ་ཡོད་པའི་བོད་རིགས་མང་ཚོགས་ལ་ཁ་བཏགས་གཡོགས་ནས་སེམས་འགུལ་ཐེབས་བཞིན་དུ་ཁོང་གིས“ང་ཐོག་མར་ལྷ་སར་འབྱོར་སྐབས་ལས་གཏོད་ཀྱི་འགོ་འཛུགས་རྒྱུ་ཤིན་ཏུ་དཀའ་མོད། འོན་ཏེ་བོད་རིགས་མང་ཚོགས་ཀྱི་རོགས་སྐྱོར་འོག་ངར་ལས་གཏོད་ཀྱི་ཁ་ཕྱོགས་རྙེད་བྱུང་། དེས་ན་ངས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ངའི་འཁྲིས་སུ་ཡོད་པའི་སྙིང་ཉེ་བའི་བོད་རིགས་མང་ཚོགས་ཚོའི་དྲིན་ལན་འཇལ་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད་བྱུང་།

    སྐད་ཆ་བཤད་ཚར་རྗེས་མའེ་མའེ་ཐི་ཨའེ་ཙེ་ཙེ་ཡིས་སྐར་མ་དགོན་གསར་སྲང་ལམ་ཁོངས་གཏོགས་སུ་འཚོ་སྡོད་བྱེད་མཁན་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་20ཚང་མར་འཚམས་འདྲིའི་དངུལ་སྒོར་1500སྤྲད་ཡོད།

    “སྡེ་ཁུལ་དེ་ལྟ་སྣང་དུ་ཆེན་པོ་ཡོད་མོད། འོན་ཏེ་དོན་དངོས་ཐོག་དེ་ནི་ཁྱིམ་ཚང་གཅིག་ལྟར་རེད། མི་རིགས་ཁག་གི་གཅེན་གཅུང་མིང་སྲིང་ཚོ་འདི་གར་འཚོ་བ་སྐྱེལ་ཞིང་ཁྱིམ་ཚང་གཅིག་ལྟར་འཆམ་པོ་ཡོད” སྐར་མ་དགོན་གསར་སྲང་ལམ་གྱི་ཏང་གི་ལས་དོན་ཨུ་ལྷན་གྱི་འགན་འཁུར་བས“རྣམ་ཀུན་ལས་ཀའི་ཁྲོད་ང་ཚོས་རྟག་ཏུ་དུས་ཆེན་ཁག་གི་གོ་སྐབས་དང་བསྟུན་ཏེ་ཚང་མ་མཉམ་དུ་འཛོམས་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་འཆམ་པའི་བྱེད་སྒོ་སྣ་ཚོགས་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་གྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་ཀྱང་གཏོང་གི་ཡོད”ཅེས་བཤད་བྱུང་།

    འགན་འཁུར་བ་དེས“ཏང་གི་ཚོགས་ཆེན་བཅུ་དགུ་པས་མི་རིགས་མཐུན་སྒྲིལ་ལས་དོན་ཐད་མཛུབ་སྟོན་ཞིབ་ཕྲ་བཏོན་པས་གོམ་སྟབས་རྗེས་མར་ང་ཚོས་མུ་མཐུད་མི་རིགས་མཐུན་སྒྲིལ་དང་ཡར་རྒྱས་ཡོང་བའི་སློབ་གསོའི་ལས་དོན་གཏིང་ཟབ་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། མི་རིགས་ཁག་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་དམ་པོར་སྒྲིལ་བ་བཅས་བྱས་ཏེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་ཡར་རྒྱས་གོང་འཕེལ་ཡོང་བ་བྱ་རྒྱུ་ཡིན”ཞེས་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།