མཐུན་སྒྲིལ་མེ་ཏོག་དེ་བས་མཚར་སྡུག་ལྡན།
ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་འཛུགས་པ་དང་། མི་རིགས་ཁག་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་ཤུགས་སྣོན་རྒྱག་པ། མི་རིགས་ཁག་སེ་འབྲུའི་གོང་བུ་ལྟར་རྡོག་གཅིག་ཏུ་སྒྲིལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་གྲ་རྒྱས་འཕེལ་རྒྱས་གཏོང་དགོས་ཞེས་གསུངས་ཡོད། གསར་འགོད་པ་རྩྭ་མདའ་རྫོང་བསྟི་ཡག་ཤང་དུ་བཅར་འདྲི་བྱེད་པར་སྐྱོད་སྐབས་དབྱང་ཀུའེ་ཧྥང་དང་ཚེ་སྐྱིད་སྒྲོལ་མ་བཟའ་ཚོ་གཉིས་ཀྱིས་གངས་ལྗོངས་མཐའ་མཚམས་སུ་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་བཙུགས་པའི་མཚར་གཏམ་ཐོས་སྐབས་གསར་འགོད་པའི་སེམས་ལ་ཁོང་གཉིས་ལ་བཅར་འདྲི་བྱ་རྒྱུའི་བློ་འཆར།
འདི་ནི་དབྱང་ཀུའེ་ཧྥང་དང་། ཚེ་སྐྱིད་སྒྲོལ་མ། ཟླ་བ་ལྷ་མོ། ཚ་བོ་བཅས་མཉམ་དུ་བརྒྱབ་པའི་པར་ཡིན་པ།
“དབྱང་ཀུའེ་ཧྥང་ནི་མི་བཟང་པོ་ཞིག་རེད། ངའི་ངོས་ནས་བརྗོད་ན། ཁོང་ནི་བཀའ་དྲིན་ཅན་ཞིག་ཡིན”
1997ལོའི་ཟླ་བདུན་པར། བོད་རིགས་དང་རྒྱ་རིགས་ཀྱི་ཕོ་གཞོན་མོ་གཞོན་དེ་གཉིས་ཅང་སུའུ་ཞིང་ཆེན་ཞུས་ཀྲོའུ་གྲོང་ཁྱེར་དུ་གཉེན་སྒྲིག་བྱས་རྗེས། སླར་ཡང་བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་བསྟི་ཡག་ཤང་དུ་ལོག
ལོ་དེར་དབྱང་ཀུའེ་ཧྥང་ལོ་38རེད། ཁོང་གི་བཟའ་ཟླ་ཚེ་སྐྱིད་སྒྲོལ་མ་ནི་བསྟི་ཡག་གྲོང་ཚོའི་ལུང་ཁུག་ཅིག་ཏུ་འཚོ་བ་སྐྱེལ་གྱི་ཡོད།
དབྱང་ཀུའེ་ཧྥང་ནི་དེ་སྔ་ཞུས་ཀྲོའུ་འཛུགས་སྐྲུན་ཀུང་སི་བཞི་པའི་རྩིས་པ་རེད། 1996ལོར་མཐའ་མཚམས་ཀྱི་སྒྲིག་ཆས་ཉམས་བཟོ་རུ་ཁག་དང་མཉམ་དུ་བསྟི་ཡག་གྲོང་ཚོར་འབྱོར་ཞིང་། ཡུལ་འདིའི་ཡུལ་མི་ཚོས་ཁོང་ལ་རྒན་དབྱང་ལགས་ཞེས་འབོད་ཀྱི་ཡོད།
བསྟི་ཡག་གྲོང་ཚོར་གཞིས་ཆགས་བྱས་པའི་སྐོར་གླེང་སྐབས། ཁོང་གིས“སྐབས་དེ་དུས་ལས་གྲྭ་རུ་ཁག་དང་མཉམ་དུ་མངའ་རིས་སུ་མཐའ་མཚམས་ཀྱི་སྒྲིག་ཆས་ཉམས་བཟོ་བྱེད་པར་བསྐྱོད་པ་ཡིན། དཔུང་སྡེའི་ཕ་ཡུལ་གཅིག་པའི་མིས་ངོ་སྤྲོད་བྱས་པ་བརྒྱུད་བཟའ་ཟླ་ཚེ་སྐྱིད་སྒྲོལ་མ་ངོ་ཤེས་བྱུང”ཞེས་རང་ཉིད་དང་བཟའ་ཟླ་ཚེ་སྐྱིད་སྒྲོལ་མ་ཇི་ལྟར་བྱས་ནས་ངོ་ཤེས་མིན་སྐོར་བཤད་བྱུང་།
1997ལོའི་ལོ་འགོ་ཞིག་ལ་དབྱང་ཀུའེ་ཧྥང་བསྟི་ཡག་ཤང་དུ་འབྱོར། དེ་ནི་ཁོང་སྐྱོད་མྱོང་སའི་ཐག་རིང་ཤོས་ཀྱི་ས་ཆ་ཞིག་རེད། དབྱང་ཀུའེ་ཧྥང་གནས་སའི་ཨར་ལས་རུ་ཁག་མཐའ་སྲུང་དཔུང་སྡེའི་ལས་ཡུལ་དུ་སྡོད་པ་དང་ཟ་ཁང་གི་འགན་འཁུར་བ་ཡིན་པའི་ཁོང་ནི་ཁོང་ཚོའི་ཁྲོད་ནས་ལོ་ན་རྒན་གྲས་ཀྱི་ཕོ་གཞོན་ཞིག་རེད།
ཨར་ལས་རུ་ཁག་ནང་དུ་བསྟི་ཡག་གྲོང་ཚོའི་གྲོང་མི་ཡང་ཡོད་ཅིང་། ཚེ་སྐྱིད་སྒྲོལ་མ་ནི་ཁོང་ཚོའི་གྲས་ཤིག་རེད། སྐབས་དེ་དུས་ཚེ་སྐྱིད་སྒྲོལ་མའི་བཟའ་ཟླ་གྲོངས་པ་དང་ཁོང་ཚོ་མ་སྨད་གསུམ་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད།
སེམས་པ་བཟང་ཞིང་དཀའ་སྡུག་མྱངས་མྱོང་བའི་དབྱང་ཀུའེ་ཧྥང་གིས་ཚེ་སྐྱིད་སྒྲོལ་མའི་འཚོ་བ་ཁག་པོ་ཡོད་པ་མཐོང་སྐབས་སེམས་ལ་སྙིང་རྗེ་ཚད་མེད་སྐྱེས། དེའི་ཐོག་དཔུང་སྡེའི་ནང་ཡོད་པའི་ཕ་ཡུལ་གཅིག་པས་ངོ་སྤྲོད་བྱས་པ་བརྒྱུད། ཁོང་གིས་ཚེ་སྐྱིད་སྒྲོལ་མའི་འཚོ་བར་རོགས་པ་བྱས་ཏེ་ཁོ་མོའི་དཀའ་ངལ་སེལ་ཐབས་བྱས།
དབྱང་ཀུའེ་ཧྥང་དང་དགའ་རོགས་སྒྲིག་ཚུལ་སྐོར་གླེང་སྐབས། ཚེ་སྐྱིད་སྒྲོལ་མས“སྐབས་དེ་དུས་ང་རང་གླ་པ་ཡིན། ཕྲུ་གུ་ནི་སྤུན་མཆེད་ལ་བཅོལ་དགོས་ཀྱི་ཡོད། དེ་ལྟར་ངའི་འཚོ་བ་ཁག་པོ་ཡོད་པ་ཁོང་གིས་ཤེས་རྗེས། རྒྱུན་དུ་ཕག་ཀྲིན་ལ་སོགས་པ་སྐྱེལ་བ་མ་ཟད་ཕྲུ་གུར་བྱམས་པོ་བྱེད་པ་དང་དགུན་ཆས་ཀྱང་ཉོས་བྱུང”ཞེས་བཤད་བྱུང་།
དེ་ལྟར་དབྱང་ཀུའེ་ཧྥང་གིས་ཁོང་དང་ཕྲུ་གུ་ཚོར་ལྟ་སྐྱོང་གང་ཡག་བྱས་པར་བརྟེན་བརྩེ་དུང་གི་མེ་ཏོག་ཁོ་མོའི་སེམས་སུ་བཞད་ཅིང་། “དབྱང་ལགས་མི་བཟང་པོ་ཞིག་རེད། ཁོང་གིས་ང་ཚོར་ལྟ་སྐྱོང་བྱེད་པའི་སེམས་ལ་ལྷད་མེད”ཅེས་ཤོད་བཞིན་མིག་ནང་མཆི་མ་འཁོར།
ཟླ་གཅིག་ལྷག་ཙམ་ཕན་ཚུན་དགའ་པོ་བྱས་མཐར་འཇིག་རྟེན་མཐུན་འཇུག་ལས་ལ་ཞུགས་རྒྱུའི་སེམས་ཐག་བཅད།
1997ལོའི་ཟླ་5པའི་ཟླ་དཀྱིལ་དུ་ཉམས་བཟོའི་ལས་ཀ་ཚར་བ་དང་དབྱང་ཀུའེ་ཧྥང་གིས་ཚེ་སྐྱིད་སྒྲོལ་མ་འཁྲིད་ནས་ནང་སའི་ཕ་ཡུལ་དུ་ལོག་སྟེ་ཞུས་ཀྲོའུ་རུ་ཆང་ས་བརྒྱབ་པ་རེད།
“དབྱང་ལགས་ནི་སེམས་རྩ་འཁོལ་པོ་ཞིག་དང་འཇོན་པོ་ཞིག་རེད། ཁོང་དང་ང་ཚོ་མཐའ་མཚམས་མང་ཚོགས་སེམས་གཅིག་ཏུ་སྦྲེལ་ཡོད”
ཐག་རིང་ལུང་ཁུག་ནས་བྲལ་ཏེ་ནང་སའི་གྲོང་ཁྱེར་ཆེ་གྲས་སུ་སླེབས་སྐབས་འདུ་འཛི་ཆེ་བའི་གྲོང་ཁྱེར་གྱི་རྣམ་པ་ཚེ་སྐྱིད་སྒྲོལ་མའི་མིག་གི་ལོངས་སྤྱོད་དུ་གྱུར། ད་ཐེངས་བཟའ་ཟླ་དབྱང་ལགས་དང་ནང་སར་ལོག་པར་བརྗེད་པར་དཀའ་ཤོས་ནི་ནང་སར་སྡོད་རིང་དབྱང་ལགས་ཀྱིས་ཁོ་མོར་ལྟ་རྟོག་གང་ཡག་བྱས་པ་དེ་རེད།
“གཉེན་སྒྲིག་བྱེད་སྐབས་དབྱང་ལགས་ཀྱི་སྤུན་མཆེད་དང་གྲོགས་པོ་ཚང་མ་སླེབས་འདུག གཉེན་སྒྲིག་ཚར་ནས་ཉིན་བཅུ་གྲངས་ནང་དབྱང་ལགས་ཀྱིས་ང་རང་རྟག་ཏུ་ཚོང་ཁང་དང་མཛེས་ལྗོངས་ཁུལ་མང་པོར་ལྟ་བར་འཁྲིད་བྱུང”ཞེས་སྐབས་དེ་དུས་ནས་ཁོ་མོས་རང་ཉིད་ཀྱི་མི་ཚེའི་ལས་དབང་དེ་རྒྱ་རིགས་ཕོ་གཞོན་དེར་བཅོལ་རྒྱུའི་བློ་ཐག་ཡོངས་སུ་བཅད།
སེམས་པ་བཟང་བའི་དབྱང་ཀུའེ་ཧྥང་གིས་བཟའ་ཟླ་དང་བུ་ཕྲུག་བོད་དུ་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་ཐུབ་ཆེད། གཉེན་ཉེ་ཚོ་དང་བྲལ་ནས་སླར་ཡང་བསྟི་ཡག་གྲོང་ཚོར་ལོག བོད་དུ་ལོག་པ་ནས་བཟུང་ཕ་ཡུལ་ཞུས་ཀྲོའུ་རུ་ལོག་པའི་ཁོམ་པ་བྱུང་མེད།
ནང་མི་རྣམས་འཚོ་བ་དེ་བས་སྐྱིད་པ་ཞིག་སྐྱེལ་ཐུབ་ཆེད། ཁོང་ལས་གྲྭ་རུ་ཁག་ལས་འདོན་ནས་མཐའ་མཚམས་གྲོང་མི་དཀྱུས་མ་ཞིག་ཏུ་གྱུར། དེ་ནས་ཁོང་སླར་ཡང་བཅའ་སྡོད་དཔུང་སྡེ་དང་གྲོང་མིར་སྡོད་ཁང་ཉམས་བཟོ་བྱེད་པའི་ལས་ལ་ཞུགས།
སྐབས་དེ་དུས་ཉིན་གཅིག་ལ་གླ་ཆ་སྒོར་ལྔ་ལས་མེད་པ་དང་ཉིན་ལྟར་རྡོ་དང་ཤིང་ཆ་སྒལ་པར་འཁྱེར་ནས་སྤྱི་ལེ་2ཀྱི་རི་ལམ་བརྒྱུད་དེ་དབོར་དགོས་ཀྱི་ཡོད།
ལོ་ཟླ་མང་པོ་སོང་ཡང་དབྱང་ཀུའེ་ཧྥང་གི་བརྩེ་དུང་ལ་འགྱུར་བ་བྱུང་མེད། ཁྱིམ་ཚང་ལ་འགན་འཁུར་ནས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་བའི་རེ་སྨོན་ཡང་དེ་བས་བརྟན་པོ་ཡོད།
ཨར་ལས་ཀྱི་ཉམས་མྱོང་ཡོད་པའི་དབྱང་ཀུའེ་ཧྥང་གིས་རང་ཉིད་ཀྱི་ཨར་ལས་རུ་ཁག་ཅིག་བཙུགས་ཤིང་། 2005ལོར་འཛུགས་སྐྲུན་རྒྱུ་ཆ་ཤིན་ཏུ་དཀོན་པའི་གནས་ཚུལ་འོག་དབྱང་ཀུའེ་ཧྥང་གིས་རང་འགུལ་ངང་བསྟི་ཡག་ཤང་སྲིབ་སྐྱིད་གྲོང་ཚོར་ཟམ་པ་བསྐྲུན་རྒྱུའི་ལས་གྲྭའི་འགན་བླངས་པ་དང་། མང་ཚོགས་སྣེ་ཁྲིད་ནས་སྲིབ་སྐྱིད་གྲོང་ཚོར་དེང་དུས་ཀྱི་ཟམ་པ་ཞིག་བསྐྲུན་པ་རེད།
དབྱང་ཀུའེ་ཧྥང་གིས་ལོ་བཅུ་གྲངས་ཉིན་གཅིག་ལྟར་དཀའ་ལས་བརྒྱབ་པ་དང་གྲོན་ཆུང་བསྲི་ཚགས་བྱས་ནས་ཁྱིམ་ཚང་བསྐྱངས་པར་བརྟེན་ནང་མི་རྣམས་ས་ཞིང་མུའུ་7དང་། ནོར་3 ལུག་16བཅས་ལས་མེད་པའི་དཀའ་ཚེགས་ཀྱི་འཚོ་བ་ལས་སྒྲོལ་ཐུབ་པ་བྱུང་བ་མ་ཟད། མི་རབས་ནས་མི་རབས་བར་ས་ཞིང་ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་བའི་རྣམ་པར་འགྱུར་ལྡོག་བྱུང་སྟེ་རྒྱ་བོད་མི་རིགས་ཀྱི་བརྩེ་སེམས་དེ་བས་ཟབ་ཏུ་ཕྱིན་པ་དང་། རྒྱ་བོད་མི་རིགས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་མ་ཐེབས་ཡོད།
དབྱང་ལགས་ནི་བློ་སྟོབས་དང་དཔའ་ངར་ཆེ་བའི་མི་ཞིག་རེད། ང་ཚོས་མཉམ་དུ་མཐའ་མཚམས་སྲུང་སྐྱོང་དང་ཕ་ཡུལ་ཡག་པོ་བསྐྲུན་རྒྱུ་ཡིན།
ལོ་20ལྷག་ཙམ་རིང་། དབྱང་ཀུའེ་ཧྥང་གིས་དཀའ་ལས་བརྒྱབ་པ་བརྒྱུད། བཟའ་ཟླ་དང་ཕྲུ་གུ་ཚོ་ཟས་གོས་ལ་སེམས་ཁྲལ་མེད་པའི་འཚོ་བ་བརྟན་པོ་ཞིག་སྐྱེལ་ཐུབ་པ་བྱུང་ཡོད། ཕ་ཡིན་པའི་ངོས་ནས་ཁོང་གིས་བཟའ་ཟླ་དང་ཕྲུ་གུ་གཉིས་ལ་ལྟ་སྐྱོང་གང་ཡག་བྱེད་པ་དང་། བརྒྱབ་པའི་ཁང་པ་གཉིས་ཚེ་སྐྱིད་སྒྲོལ་མའི་བུ་རྒན་པ་དང་བུ་མོ་ཆུང་བར་སྤྲད་པ་མ་ཟད། ཕྲུ་གུ་གཉིས་པོ་སློབ་གྲྭར་གཏོང་རོགས་དང་ཁྱིམ་ཚང་འཛུགས་རོགས་བྱས་པ་རེད།
ཕྱིས་སུ་བུ་རྒན་པས་གྲོང་ཚོར་ཨར་ལས་རུ་ཁག་གཅིག་བཙུགས་ནས་ཕྱུག་འགྱུར་འཇོན་ཐང་ཅན་དུ་འགྱུར་བ་དང་བུ་མོ་ཆུང་བས་ཤང་ནང་ཟ་ཁང་བཙུགས་ནས་ཚོང་ཡག་པོ་ཡོད། དབྱང་ཀུའེ་ཧྥང་དང་ཚེ་སྐྱིད་སྒྲོལ་མས་སྐྱེས་པའི་བུ་ཆུང་བ་དེ་ནང་སའི་བོད་ལྗོངས་འཛིན་གྲྭར་སློབ་གྲྭར་བསྐྱོད་ཀྱི་ཡོད།
ཏང་གི་བཀའ་དྲིན་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དུས་དང་རྣམ་པ་ཀུན་ཏུ་མི་རིགས་མཉམ་འདྲེས་ཀྱི་ཁྱིམ་ཚང་དེར་འཕྲོ་བཞིན་ཡོད། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྲིངས་གནང་བའི་འཕྲིན་ལན་གྱི་དྲོ་སྐྱིད་དེ་གངས་ལྗོངས་མཐའ་མཚམས་སུ་ཡོད་པའི་དབྱང་ཀུའེ་ཧྥང་ལྟ་བུའི་ཁྱིམ་ཚང་གིས་ཚོར་བཞིན་ཡོད། “མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་རྒྱུའི་གཙོ་གནད་དེ་བསམ་ཚུལ་བརྗེ་རེས་ལ་ཐུག་ཡོད། མཐའ་མཚམས་སྲུང་སྐྱོང་དང་མཐའ་མཚམས་བསྐྲུན་རྒྱུའི་ཐད་ངེས་པར་དུ་བློ་བརྟན་འགྱུར་མེད་དང་འབད་བརྩོན་ལྷོད་མེད་བྱེད་དགོས”ཞེས་དབྱང་ཀུའེ་ཧྥང་གིས་མྱོང་ཚོར་ཟབ་མོས་བཤད་བྱུང་།
དབྱང་ཀུའེ་ཧྥང་དང་མཉམ་དུ་ལས་ཀ་བྱས་མྱོང་བའི་གྲོང་མི་ཚོས་ཁོང་ལ་བསྔགས་བརྗོད་ཚད་མེད་བྱེད་ཅིང་། ཚང་མས་དབྱང་ལགས་མ་གཞི་ང་ཚོའི་ལས་དཔོན་ཡིན་རུང་། ལས་གྲྭའི་དངུལ་ཚང་མ་ཁོང་གིས་ཆ་སྙོམས་ཐོག་བགོ་བཤའ་རྒྱག་པ་ལས། རང་ཉིད་མང་བ་ཉར་མྱོང་མེད་ཅེས་གྲོང་མི་ཚོས་ཤོད་ཀྱི་འདུག
བསྟི་ཡག་ཤང་གི་ལས་བྱེད་པ་ཚོས་དབྱང་ལགས་མི་གཞན་ལ་རོགས་རམ་བྱ་རྒྱུར་དགའ་པོ་ཡོད་པ་དང་གྲོང་ཚོའི་ནང་གི་དཀའ་ངལ་ཡོད་པའི་མང་ཚོགས་ཚོར་རྟག་ཏུ་རོགས་རམ་བྱེད་ཀྱི་ཡོད་ཅེས་བཤད་བྱུང་།
བཟའ་ཟླ་ཚེ་སྐྱིད་སྒྲོལ་མས་ང་ལུས་པོ་གཅོང་པོ་ཡོད། ཡིན་ནའང་དབྱང་ལགས་ཀྱིས་སུན་སྣང་མེད་པར་ལྟ་རྟོག་གང་ཡག་བྱེད་ཀྱི་ཡོད། ཁོང་ནི་ང་ལ་བསྐོས་པའི་ཁྱོ་ཀ་ཡག་པོ་ཞིག་ཡིན་ཞེས་བཤད་བྱུང་།
བུ་མོ་ཟླ་བ་ལྷ་མོས་ང་ཚོའི་འཚོ་བ་ཁག་པའི་སྐབས་སུ་ཁོང་གིས་ང་ཚོར་རོགས་པ་གནང་ནས་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་རྒྱུ་བྱུང་། ཁོང་ནི་ང་ཚོའི་ཕ་ངོ་མ་ལྟར་ཡིན་ཞེས་བཤད་བྱུང་།
2017ལོར་དབྱང་ཀུའེ་ཧྥང་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་ལ་བདམས་ཡོད།
འགན་འཁུར་རྩོམ་སྒྲིག་པ། 德吉普尺
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣