དབུ་ཤོག>གསར་འགྱུར།
  • ལྷ་རི་རྫོང་སྨི་ཏི་ཁ་ཤང་ལྕི་བ་ལས་སྣོན་མཉམ་ལས་ཁང་གི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-12-21

    ནུས་རྒྱུའི་གནད་དོན་ནི་བྱང་རྩྭ་ཐང་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་ཡིན་པས་ནུས་རྒྱུའི་གནད་དོན་ཐག་གཅོད་ཐུབ་ཚེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གནད་དོན་ཡང་ཐག་གཅོད་ཐུབ་སྲིད། ནག་ཆུ་ས་ཁུལ་ལྷ་རི་རྫོང་སྨི་ཏི་ཁ་ཤང་དུ་ས་གནས་དེ་གའི་མང་ཚོགས་ཀྱིས་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྲོལ་རྒྱུན་གྱི་ལྕི་ལེབ་རིལ་བུ་སྒྲིལ་བའི་འབུད་རྫས་སུ་གྱུར་ནས་ལྕི་བའི་མེ་ཞེ་ཆེ་རུ་བཏང་སྟེ་འབྲོག་ཁུལ་གྱི་ནུས་རྒྱུ་སྤྱོད་པའི་གྲུབ་ཆ་ལེགས་སྒྲིག་དང་འཚོལ་ཞིབ་བྱ་རྒྱུར་གོམ་སྟབས་ཆེན་པོ་ཞིག་སྤོས་པ་རེད། ད་ཐེངས་གསར་འགོད་པ་སྨི་ཏི་ཁ་ཤང་གི་ལྕི་བ་ལས་སྣོན་མཉམ་ལས་ཁང་དུ་བསྐྱོད་ནས་དེའི་སྐོར་ཤེས་རྟོགས་བྱས།

    དགུན་དུས་ཀྱི་སྨི་ཏི་ཁའི་རྩྭ་ཐང་དུ་གྲང་ངར་ཤིན་ཏུ་ཆེ་ཞིང་། དེ་དུས་ཐབ་ནང་ལྕི་བའི་མེ་ཚ་པོ་ཞིག་བཏང་ནས་ལག་གཉིས་ཐབ་ཀྱི་འགྲམ་དུ་སྲོ་བའི་ཚེ། ཉིན་གཅིག་གི་ངལ་དུབ་སེལ་བར་བྱས།

    སྔོན་མ་བྱང་ཐང་གི་འབྲོག་ཁུལ་དུ་ཚང་མས་ལྕི་ལེབ་མེ་ཤིང་དུ་བྱེད་ཀྱི་ཡོད། འོན་ཀྱང་ཁྱེད་ཚོས་མཐོང་མྱོང་ངམ། ད་ཆ་ཁོང་ཚོས་འབུད་པ་ནི་དབྱུག་དབྱིབས་ཀྱི་ལྕི་བ་རེད།

    སྨི་ཏི་ཁ་ཤང་དུ་སྲིད་འཛིན་གྲོང་ཚོ་20ཡོད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁོ་ན་1777ཟིན་གྱི་ཡོད། དེ་ཡང་བོད་བྱང་ཐང་གི་ཤང་དང་གྲོང་རྡལ་གཞན་དང་འདྲ་བར་འབྲོག་ལས་རྐྱང་པའི་ཤང་ཡིན་མོད། འོན་ཀྱང་དེར་བེད་སྤྱོད་ཆོག་པ་དང་གསར་སྤེལ་ཆོག་པའི་ཐོན་ཁུངས་མང་པོ་མེད།

    “ཚགས་ཤ་དང་། པགས་པ། རྩིད་པ་སོགས་ལས་སྣོན་ཞིབ་ཚགས་བྱས་ཚེ། མ་གནས་མཐོ་བ་དང་དུས་ཡུན་རིང་པོ་འགོར་བས་ཕན་འབྲས་མགྱོགས་པོ་ཐོན་ཐུབ་ཀྱི་མེད། ལྕི་བའི་ཐོན་ཁུངས་འབེལ་བས་དེ་དག་ཐོན་སྐྱེད་ཀྱི་རྒྱུ་ཆར་བྱས་ནས་ནུས་རྒྱུ་གསར་པར་འཕེལ་རྒྱས་མི་གཏོང་བ་གང་ཡིན་ནམ”སྐྱེ་དངོས་ཀྱི་ཚགས་དམ་དབྱིབས་ཐོན་སྒྲིག་ཆས་སྤྱད་དེ་རིལ་བུ་སྒྲིལ་བའི་འབུད་རྫས་ཐོན་སྐྱེད་བྱེད་པའི་ལག་རྩལ་ནང་སར་མང་པོ་སྤྱོད་ཀྱི་ཡོད་པ་ཤེས་རྟོགས་བྱུང་རྗེས། ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་པ་སངས་ཚེ་རིང་གིས་གྲོས་འགོ་དེ་བཏོན།

    གྲོས་བསྡུར་ཐེངས་མང་དང་། དཔྱད་གཞི་འཚོལ་བ། བརྟག་ཞིབ་བཅས་བྱས་པ་བརྒྱུད། སྨི་ཏི་ཁ་ཤང་ཏང་ཨུད་ཚན་ཁག་གིས་སྨི་ཏི་ཁ་ཤང་དུ་འབུད་རྫས་ལས་སྣོན་མཉམ་ལས་རྩ་འཛུགས་འཛུགས་རྒྱུའི་མོས་མཐུན་བྱས།

    འདི་ལོའི་ལོ་སྟོད་དུ་སྨི་ཏི་ཁ་ཤང་སྲིད་གཞུང་གིས་ཕྱོགས་ཁག་ནས་སྒོར་ཁྲི་80ལྷག་ཙམ་གྲབས་གསོག་བྱས་ཏེ་ནང་ས་ནས་འཕྲུལ་འཁོར་ཉོས་པ་དང་བཟོ་གྲྭ་བརྒྱབ་པས་ལྕི་བའི་ལས་སྣོན་བཟོ་གྲྭ་ཞིག་རགས་ཙམ་ཆགས་པ་རེད།

    ཟླ་བ་དགུ་པར་ལྕི་བ་ལས་སྣོན་མཉམ་ལས་ཁང་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་སྨི་ཏི་ཁ་ཤང་མཚོ་གདོང་གྲོང་ཚོའི་གྲོང་མིས་ཐོན་སྐྱེད་ཀྱི་འགན་ཁུར་གྱི་ཡོད་པ་རེད།

    བཟོ་གྲྭ་ཡོད་ཚེ། ལྕི་བ་སྒྲུག་རྒྱུ་དེ་གནད་འགག་ཅིག་མིན། གྲོང་མི་ཚང་མས་རང་ཁྱིམ་ནས་སླེ་པོ་གང་དོ་འཁྱེར་ཡོང་བ་དང་ཐོག་མའི་ཐོན་སྐྱེད་རྒྱུ་ཆ་ཚང་མ་འབྲོག་པ་མང་ཚོགས་ཚོས་རང་འགུལ་གྱིས་འཁྱེར་ཡོང་བ་ཤ་སྟག་ཡིན།

    སྲོལ་རྒྱུན་གྱི་ལྕི་ལེབ་ནི་འབྲོག་ཁུལ་མང་ཚོགས་ཀྱི་མེ་ཤིང་གཙོ་བོ་ཡིན། འོན་ཀྱང་ལྕི་ལེབ་མེ་འབར་ཡུན་རིང་པོ་མེད་པ་དང་ཐལ་རྡུལ་མང་བའི་ཞན་ཆ་ཡོད་པས་མི་མང་པོས་སྤྱོད་འདོད་དེ་ཙམ་བྱེད་ཀྱི་མེད། ལྕི་ལེབ་རིལ་བུ་སྒྲིལ་རྗེས་རྒྱུ་ཆ་ཚགས་དམ་དུ་ཕྱིན་པས་དབོར་འདྲེན་དང་གསོག་ཉར་ཐད་སྟབས་བདེ་རུ་ཕྱིན་པ་མ་ཟད། མེ་ཞེ་ཆེ་རུ་ཕྱིན་ཡོད་པ་རེད།

    དབྱུག་དབྱིབས་ཀྱི་ལྕི་བ་ཁྲོམ་རར་བཏོན་མ་ཐག་མི་མང་པོའི་དགའ་བསུ་ཐོབ་པ་དང་ཟླ་བ་གསུམ་ཡང་མ་འགོར་བར་སྨི་ཏི་ཁ་ཤང་ལྕི་བའི་ལས་སྣོན་མཉམ་ལས་ཁང་གིས་ནག་ཆུ་ས་ཁུལ་གྱི་ཚན་པ་མང་པོ་དང་སྔོན་མངགས་གན་རྒྱ་བཞག

    “ལྕི་བ་རླངས་འཁོར་གང་སྒྲུག་ཚེ་སྒོར་400རག་གི་འདུག་པས་ལག་དངུལ་ཡང་ཏོག་ཙམ་འབེལ་དུ་ཕྱིན་སོང”

    སྨི་ཏི་ཁ་ཤང་གིས་ཞིང་འབྲོག་མང་ཚོགས་ཀྱི་ལྕི་བ་འཚོང་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་མ་ཟད། ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་ཞིག་ཀྱང་འཚོལ་རོགས་བྱས། དེས་དུད་ཚང་དབུལ་པོ་ཡིན་པའི་འཇིགས་མེད་རྡོ་རྗེར་རེ་བ་གསར་པ་ཞིག་སྦྱིན། ལྕི་བ་ལས་སྣོན་བཟོ་གྲྭ་བཙུགས་རྗེས་འཇིགས་མེད་རྡོ་རྗེས་བཟོ་གྲྭའི་ནང་ལས་མི་བྱས་པ་དང་ཉིན་15ལས་ཀ་བྱས་པ་ཕུད། དེ་བྱིངས་ཀྱི་དུས་ཚོད་ནང་ཁོང་གིས་བཟའ་ཟླ་འཁྲིད་ནས་ལྕི་བ་སྒྲུག་པར་འགྲོ་ཡི་ཡོད།

    ལྕི་ལེབ་དབྱུག་དབྱིབས་ཀྱི་ལྕི་བར་མེ་ཞེ་ཆེ་རུ་ཕྱིན་ཡོད། འབུད་རྫས་གསར་གཏོད་བྱས་མ་ཐག་འབྲོག་ཁུལ་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད།

    “སྨི་ཏི་ཁ་ཤང་གིས་ལོ་རེར་འབུད་རྫས་ཏུན་1000ཐོན་སྐྱེད་བྱེད་རྩིས་ཡོད། དེ་དག་རྡོ་སོལ་ལ་ཕབ་ན་ཏུན་800ཡིན་པས་ཁོར་ཡུག་སྲུང་སྐྱོང་ལ་ལེགས་སྐྱེས་ཀྱང་འབུལ་ཐུབ”སྨི་ཏི་ཁ་ཤང་གི་ཤང་ཀྲང་ཙེང་ཞའོ་ཅུན་གྱིས་ལྕི་བའི་འབུད་རྫས་ལས་སྣོན་བཟོ་གྲྭར་རེ་བ་ཆེན་པོ་བཅོལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།