ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་12ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་12ཉིན་ནི་ལོ་65ལ་སླེབས་པའི་བོད་རིགས་བུད་མེད་ནད་པ་སྒྲོལ་དཀར་གྱིས“བརླ་རུས་གཡས་པའི་དཔྱི་མགོ་ཧྲུག་ཆག་རང་བཞིན་གྱི་རུས་ཆག”གཤགས་བཅོས་དང་ལེན་བྱས་ནས་ཉིན་5སོང་བ་དང་ཁོང་གིས་འཁར་རྒྱུག་ལ་བརྟེན་ནས་རྐང་པ་དལ་བུར་སྤོས་པ་དང་སྦྲགས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་མི་དམངས་སྨན་ཁང་དུ་ཐལ་མོའི་རྡེབ་སྒྲ་གྲགས། མཐོང་དཀོན་པའི་བརླ་རུས་གཤགས་བཅོས་དེ་ས་བབ་སྨི་4000ལྷག་ཙམ་ཟིན་པའི་འཛམ་གླིང་ས་མཐོའི་གྲོང་ཁྱེར་ལི་ཐང་དུ་ཐོག་མར་ལམ་ལྷོངས་བྱུང་བ་རེད།
གསར་འགོད་པར་ལི་ཐང་རྫོང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་11ཚེས་29ཉིན་སྒྲོལ་དཀར་གྱི“བརླ་རུས་གཡས་པའི་དཔྱི་མགོ་ཧྲུག་ཆག”སོང་བའི་དབང་གིས་ལི་ཐང་རྫོང་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་པར་སླེབས་པ་དང་ནད་དཔེ་དེ་ནད་ཐོག་ཏུ་མཐོང་དཀོན་པ་ཞིག་ཡིན་སྟབས་སྨན་བཅོས་བྱེད་པར་དཀའ་ངལ་སྣ་ཚོགས་ཕྲད་ཡོད།
རུས་ནད་ཚན་ཁག་གི་ཀྲུའུ་རེན་ཞེ་ཀོང་ཝུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གལ་ཏེ་སྨན་བཏང་ནས་སྨན་བཅོས་བྱས་ཚེ་གློ་བའི་གཉན་ཚད་དང་། གཅིན་ལམ་གྱི་གཉན་ཚད། དཔྱི་མགོ་རྡོལ་བ། ཁྲག་རྩ་ནག་པོར་གྱུར་བ་སོགས་ཀྱི་ནད་ཐོན་སྲིད་པས་ཚེ་སྲོག་ལ་ཉེན་ཁ་འཕྲད་བཟོ་ཡོད། གལ་ཏེ་གཤགས་བཅོས་བྱས་ཚེ་ནད་པ་ལོ་65ལ་སླེབས་པ་དང་ཁྲག་ཤེད་ཧ་ཅང་མཐོ་བས་གཤགས་བཅོས་བྱེད་རིང་ཁྲག་མང་པོ་དོན་ཚེ་ཉེན་ཁ་ཡང་ཧ་ཅང་ཆེན་པོ་ཡོད། གཞན་ཡང་གཤགས་བཅོས་བྱེད་སྐབས་གཟུགས་པོ་གཞོགས་གཅིག་ཏུ་ཉལ་དགོས་པས་གཤགས་བཅོས་ཁང་དུ་གནས་སྐབས་སྒྲིག་བཀོད་དེ་རིགས་མེད་པ་དང་། སྨན་ཁང་གནས་ཡུལ་གྱི་ས་བབ་སྨི་4014ཟིན་སྟབས་གཤགས་བཅོས་བྱེད་རིང་གི་དོ་དམ་སོགས་ལ་དཀའ་ངལ་འཕྲད་སྲིད།
གལ་ཏེ་ནད་པ་སྨན་ཁང་གཞན་དུ་བཏང་ཚེ་གཅིག་ནས་ནད་པའི་དཔལ་འབྱོར་ཁུར་པོ་ལྕི་དྲགས་པ་དང་གཉིས་ནས་རླངས་འཁོར་གྱི་ལམ་ཐག་ཆུ་ཚོད་5ཡན་འགོར་བ་མ་ཟད། ས་མཐོའི་འགྲོ་ལམ་ཁ་བས་བཀླུབས་ཟིན་པས་སྨན་ཁང་གཞན་དུ་འགྲོ་བར་ཉེན་ཁ་ཧ་ཅང་ཆེན་པོ་ཡོད། དེས་ན་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཐང་རྫོང་བོད་སྐྱོར་སྨན་བཅོས་རུ་ཁག་གི་སྨན་པས་གྲོས་བསྡུར་གཟབ་ནན་བྱས་ཏེ་མཐར་གཤགས་བཅོས་བྱ་རྒྱུའི་ཐག་བཅད་པ་རེད།
ཟླ་12ཚེས་7ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར་ནད་པར་ཆུ་ཚོད་ཕྱེད་ཀའི་ནང་གཤགས་བཅོས་བྱས་རྗེས་ནད་བརྟག་བརྟན་པོ་བྱུང་བ་དང་ཚེས་12ཉིན་འཁར་རྒྱུག་ལ་བརྟེན་ནས་རྐང་པ་སྤོ་ཐུབ་པ་བྱུང་བ་རེད།
ལི་ཐང་རྫོང་མཚོ་བོད་ས་མཐོར་གནས་པ་དང་སྔོན་ཆད་སྨན་བཅོས་ཆ་རྐྱེན་རྗེས་སུ་ལུས་ཡོད། 2017ལོའི་ཟླ་4པར་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཐང་རྫོང་གི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ལི་ཐང་རྫོང་མི་དམངས་སྨན་ཁང་དང་མཉམ་ལས་བྱས་ནས་རུས་ནད་ཚན་ཁག་བཙུགས་ཏེ་ཅིན་ཐང་རྫོང་མི་དམངས་སྨན་ཁང་དང་པོའི་རུས་ནད་ཚན་ཁག་གིས་སྐྲུན་རོགས་དང་འཁོར་རྒྱུག་དོ་དམ་གྱི་འགན་ཆ་ཚང་འཁུར་ཡོད། མིག་སྔར་རུས་ནད་གཤགས་བཅོས་ཁག་བརྒྱ་ཙམ་ལམ་ལྷོངས་བྱུང་ནས་ས་གནས་དེ་གའི་རུས་ནད་སྨན་བཅོས་དཀའ་བའི་དཀའ་གནད་སེལ་རོགས་བྱས་པ་རེད།