དབུ་ཤོག>གསར་འགྱུར།
  • 2016ལོའི་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་བ་མཚམས་སྐྱིད་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-12-13

    “མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན” “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་། ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པ”ཁོང་གིས་སེམས་ལ་བརྟན་པོར་ངེས་ཀྱི་ཡོད།


    “རང་གི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་། རང་གི་ཚེ་སྲོག་ལ་རྩ་ཆེན་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཙིགས་ཆེན་བྱེད་པ”ནི་ཁོང་གིས་རང་དཔེ་གཞན་སྟོན་ངང་སྒྲུབ་ཀྱི་ཡོད།


    ཁོང་གི་མིང་ལ་མཚམས་སྐྱིད་ཟེར་བ་དང་། 2016ལོར་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བ་མི་སྒེར་ལ་བདམས་ཤིང་། ཁོང་གིས་སྤྱིར་བཏང་གི་ལས་གནས་ཐོག་གཅེས་སེམས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་ལས་ལ་གཞོལ་བའི“གོས་དཀར་ལྷ་མོ”ཞིག་བྱེད་བཞིན་ཡོད།


    ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་མི་དམངས་སྨན་ཁང་ནི་རྒྱ་རིགས་དང་། བོད་རིགས། དབྱིས་རིགས་སོགས་མི་རིགས་མང་པོ་ལས་གྲུབ་པའི་ཁྱིམ་ཚང་ཆེ་མོ་ཞིག་ཡིན་ཞིང་། ཁྱིམ་ཚང་ཆེ་མོ་དེའི་ཁོངས་མི་མཚམས་སྐྱིད་ཀྱིས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ་དེ་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བའི་ནང་ཁྱབ་པར་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་རང་ནུས་ཅི་ཡོད་འདོན་བཞིན་མཆིས།


    “མི་རིགས་མཐུན་སྒྲིལ་ཟེར་བ་སྟོང་གཏམ་ཞིག་མིན་པར་ལས་ཀའི་ཐོག་འཁྱོལ་བ་དང་བྱ་སྤྱོད་ནས་མངོན་དགོས་པ་ཞིག་རེད”ཅེས་སྨན་པ་གུང་ཁྲན་ཏང་ཡོན་མཚམས་སྐྱིད་ཀྱིས་དེ་ལྟར་ཤོད་ཀྱིན་ཡོད་ལ་དོན་ལའང་དེ་ལྟར་བྱེད་ཀྱི་ཡོད།


    “ནད་པར་མི་རིགས་ཀྱི་དབྱེ་བ་མེད་པས། ང་ཚོས་སུ་ཡོང་ནའང་དབྱེ་བ་མེད་པར་ན་ཚ་ལྟ་དགོས”ཞེས་མཚམས་སྐྱིད་ཀྱིས་བཤད།


    གཤམ་སྐྱོད་ནད་དཔྱད་ནི་མཚམས་སྐྱིད་ཀྱི་ནམ་ཀུན་གྱི་ལས་ཀ་ཞིག་རེད། 2012ལོར་ལས་ཀར་ཞུགས་པ་ནས་བཟུང་མཚམས་སྐྱིད་ཀྱིས་ཆུ་གསུམ་གྱི་ཤང་3དང་གྲོང་རྡལ་2ལ་བསྐྱོད་དེ་མི་རིགས་ཁག་གི་མང་ཚོགས་ཁྲི་ལ་ཉེ་བར་ན་ཚ་བལྟས་ནས་སྡུག་བསྔལ་ལས་གྲོལ་བར་བྱས་ཡོད།


    ལོ་63ལ་སླེབས་པའི་ཆུ་གསུམ་རྫོང་ཆུ་གསུམ་གྲོང་ཚོའི་མང་ཚོགས་བསམ་གྲུབ་ལ་ཁྲག་ཤེད་མཐོ་བ་དང་སྙིང་གི་ན་ཚ་ཡོད་པས་གཟའ་འཁོར་རེར་སྨན་ཁང་དུ་འཆར་ཅན་བརྟག་དཔྱད་ལ་ཡོང་དགོས་ཀྱི་ཡོད། སྨན་པ་མཚམས་སྐྱིད་ངོ་ཤེས་པ་ནས་བཟུང་བསམ་གྲུབ་ལ་དེ་འདྲའི་རྙོག་དྲ་མང་པོ་ཞིག་མེད་པར་གྱུར།


    “སྨན་པ་མཚམས་སྐྱིད་ལགས་ནད་པར་ངང་རྒྱུད་རིང་ཞིང་སེམས་རྩ་འཁོལ་ལ་སྨན་རྩལ་ཡང་ཡག་པོ་ཡོད”ཅེས་བསམ་གྲུབ་ཀྱིས་བཤད།


    ཁོང་གིས་ནད་པར་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུས་པ་མ་ཟད། བྱ་སྤྱོད་ངོ་མའི་ཐོག་ནས་མི་དམངས་ལ་བློ་གཅིག་སེམས་གཅིག་གིས་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་ལེན་དུ་བསྟར་གྱི་ཡོད།


    ཆུ་གསུམ་རྫོང་སྟོད་གཟིགས་གྲོང་ཚོའི་ཚེ་རིང་མཚམས་གཅོད་ནི་མཚམས་སྐྱིད་ཀྱི་ཆ་སྒྲིག་གཉེན་འཚོལ་གྱི་དུད་ཁྱིམ་རེད། “མཚམས་སྐྱིད་ལགས་ཀྱིས་ངེད་ཚོར་རོགས་པ་མང་པོ་གནང་བྱུང་། ཁྱིམ་གྱི་དཀའ་ངལ་ཐག་གཅོད་མི་ཐུབ་པའི་སྐབས། ཁོང་ཡོད་པ་དྲན་སྐབས་ང་ཚོའི་སེམས་པ་ལྷོད་ལ་འབབ་ཀྱི་འདུག”ཅེས་ཚེ་རིང་མཚམས་གཅོད་ཀྱིས་བཤད་ཅིང་། ཁོང་གིས“སྔར་ནས་ང་ཚོ་ཁྱིམ་ཚང་གཅིག་གི་མི་ལྟ་བུ་ཡིན་བསམ་གྱི་འདུག”ཅེས་བཤད།


    མཚམས་སྐྱིད་ཀྱིས“དེ་ནི་ང་ཚོ‘སྤུན་མཆེད’ཡིན་པས་རེད། སྤུན་མཆེད་དབར་ཕན་ཚུན་འགྲོ་རེས་དང་རོགས་པ་བྱེད་དགོས་པ་ཡིན”ཞེས་བཤད།


    སྨན་པའི་བྱམས་སེམས་ཀྱིས་སྐྱེ་འགྲོའི་ནད་ཀྱི་སྡུག་བསྔལ་སེལ། ལོ་མང་རིང་། མཚམས་སྐྱིད་ཀྱི་སྣེ་ཁྲིད་འོག་ཆུ་གསུམ་རྫོང་མི་དམངས་སྨན་ཁང་གིས་དེ་གའི་ཞིང་འབྲོག་པ་དང་དགོན་སྡེའི་གྲྭ་བཙུན་ལ་གཟུགས་པོ་བརྟག་དཔྱད་དང་། ལས་རོགས་དང་མཉམ་དུ་མི་རིགས་ཁག་གི་མང་ཚོགས་ཁྲི་ལ་ཉེ་བར་བདེ་ཐང་གི་ཡིག་ཚགས་བཟོས་པ་མ་ཟད། ཞིང་འབྲོག་ཁུལ་དུ་སྐོར་གཡེང་ནད་དཔྱད་དང་ནད་པར་འཚམས་འདྲི་ཐེངས་10ལྷག་དང་། འོས་འགན་ནད་དཔྱད་ཐེངས་20ལྷག་བྱས་ནས་མི་རིགས་ཁག་གི་མི་དམངས་ལ་སྙིང་ཉེ་པོའི་ཐོག་ནས་ཞབས་འདེགས་ཞུས་ནས“མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན”ཞེས་པ་དོན་དམ་པའི་བྱ་སྤྱོད་དུ་འཁྱོལ་བར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།