ལོ་ལྟར་དམག་མི་རྙིང་པ་དམག་ཞབས་ཐིམ་སྐབས་ཨ་མ་རྒན་མོ་ཞིག་གིས་ཇ་བསྲུབས་མ་དང་། རྩམ་པ། ཁ་བཏགས། ཤིང་ཏོག་བཅས་ཁྱེར་ནས་དམག་ཞབས་ཐིམ་པའི་དམག་མིར་ཕེབས་སྐྱེལ་ཞུ་གི་ཡོད། དམག་མི་ཚོས་ཁོང་ལ“དམག་མིའི་ཨ་མ”ཞེས་འབོད་པ་དང་ཁོང་ནི་གམ་པ་རྫོང་གྲང་རླུང་ཤང་གནས་གྲོང་ཚོའི་ཨ་མ་རྒན་མོ་ལྷ་སྐྱིད་རེད།
རྒན་མོ་ལྷ་སྐྱིད་ཀྱིས“གལ་ཏེ་གུང་ཁྲན་ཏང་མེད་པ་དང་བཅིངས་འགྲོལ་དམག་མེད་ན། ང་ཚོ་ད་དུང་མུན་ནག་གི་སྤྱི་ཚོགས་རྙིང་པར་འཚོ་བ་སྐྱེལ་དགོས་པ་དང་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་བས་ཡོང་མི་སྲིད། བཅིངས་འགྲོལ་དམག་ནི་ང་ཚོའི་གཉེན་ཉེ་ཡིན”ཞེས་རྒྱུན་དུ་ཤོད་ཀྱི་ཡོད།
ལོ་དེར་བཅིངས་འགྲོལ་དམག་བོད་དུ་སླེབས་སྐབས་ཨ་མ་རྒན་མོ་ལྷ་སྐྱིད་ནི་གཞིས་བདག་གི་བྲན་གཡོག་ཡིན་པ་དང་ཉིན་ལྟར་གཞིས་བདག་ལ་ཕྱུགས་འཚོ་རོགས་བྱེད་དགོས་ཀྱི་ཡོད། ལུག་ཚང་དུ་སྡོད་པ་དང་ཉིན་ལྟར་རྩམ་པ་ཕྲན་ཙམ་ལས་ཟ་རྒྱུ་མེད། མི་དམངས་བཅིངས་འགྲོལ་དམག་བོད་དུ་སླེབས་རྗེས་རྒན་མོ་ལྷ་སྐྱིད་བཅིངས་འགྲོལ་དམག་གི་རོགས་རམ་འོག་རྒྱུན་གཏན་མིའི་འཚོ་བ་སྐྱེལ་ཐུབ་པ་བྱུང་ཡོད།
དེ་ནས་བཟུང་རྒན་མོ་ལྷ་སྐྱིད་དང་དཔོན་དམག་དབར་བརྩེ་སེམས་ཟབ་མོ་ཆགས། ལོ་ལྟར་དམག་མི་གསར་པ་དམག་དཔུང་ལ་ཞུགས་སྐབས་ཁོང་གིས་ཁོང་ཚོར་ཁ་བཏགས་གཡོགས་པར་བསྐྱོད་པ་དང་བརྒྱ་ཤོག་ལ་ཇ་བསྲུབས་མ་བསྐྱལ་ནས་དམག་མི་ཚོ་དང་ཁ་བརྡ་གློད་པ་དང་ལ་དུག་ཇི་ལྟར་ཁྱད་བསད་བྱེད་དགོས་མིན་སློབ་ཀྱི་ཡོད། དེ་ལས་ཕྱོགས་བཞི་མཚམས་བརྒྱད་ནས་སླེབས་པའི་གམ་པའི་མཐའ་སྲུང་དམག་མི་ཚོར་གངས་ལྗོངས་ས་མཐོའི་བརྩེ་སེམས་གང་ལེགས་ཚོར་ཡོད།
རྒན་མོ་ལྷ་སྐྱིད་ནི་བྱམས་སེམས་ཆེ་བའི་ཨ་མ་ཞིག་རེད། ཁོང་གིས་བྱ་སྤྱོད་ངོ་མས་གང་ཞིག་ནི་དམག་དམངས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཡིན་པ་དང་གང་ཞིག་ནི་ཉ་ཆུ་ལྟར་གྱི་བརྩེ་སེམས་ཡིན་པ་གསལ་བཤད་བྱས་ཡོད། ཁོང་ནི་དམག་བཀུར་དཔེ་སྟོན་དང་མི་རིགས་མཐུན་སྒྲིལ་གྱི་སྐལ་བཟང་མེ་ཏོག་ཅིག་ཡིན་པ་དུས་ནམ་ཡང་གངས་ལྗོངས་ས་མཐོར་བཞད་ཡོད། རྒན་མོ་ལྷ་སྐྱིད་ལ་སྔ་རྗེས་སུ་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི“དམག་བཀུར་ཁྱིམ་སྐྱོང་དཔེ་བཟང་བ”དང《མི་དམངས་ལ་ཐུགས་རྗེ་ཆེ་ཞུ། དམག་སྒར་ལ་སྐུལ་ལྕག་བྱས་ནས་ལོ་80འཁོར་བ》“དམག་སྤྱིའི་བརྩེ་སེམས”ཀྱི་རྒྱལ་གཅེས་དམག་བཀུར་གསར་འགྱུར་མི་སྣ་བཅུ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། ཁོང་གི་གཏམ་རྒྱུད་གམ་པ་རྫོང་དང་ཐ་ན་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྱབ་པ་དང་གམ་པ་རྫོང་གི་དམག་བཀུར་དང་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་མིག་དཔེ་བཟང་པོ་ཞིག་རེད།
ད་ཆ་རྒན་མོ་ལྷ་སྐྱིད་སྐུ་ཚེ་འདས་མོད། འོན་ཀྱང་ཁོང་གི་སྙིང་སྟོབས་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་ཡོད། ཁོང་གི་བུ་མོ་ཆོས་སྐྱིད་དང་ཚ་བོ་བསྟན་པས་རྒན་མོའི་ཕུགས་རེ་རྒྱུན་འཛིན་དང་དར་སྤེལ་བཏང་ཞིང་། ལོ་ལྟར་དམག་མི་གསར་པ་དམག་དཔུང་ལ་ཞུགས་པ་དང་། དམག་མི་རྙིང་པ་དམག་ཞབས་ཐིམ་པ། “བརྒྱད་གཅིག”དམག་འཛུགས་དུས་ཆེན་བཅས་ཀྱི་སྐབས་སུ་དཔུང་སྡེར་བསྐྱོད་དེ་བཅིངས་འགྲོལ་དམག་ལ་ཁ་བཏགས་གཡོགས་པ་དང་། ཇ་བསྲུབས་མ། རྩམ་པ་སོགས་སྐྱེལ་གྱི་ཡོད། ཆོས་སྐྱིད་ཀྱིས་ཨ་མ་ཚེ་ལས་འདས་མོད། འོན་ཀྱང་ཁོང་གི་དམག་བཀུར་སྙིང་སྟོབས་དང་མི་རིགས་མཐུན་སྒྲིལ་གྱི་སྙིང་སྟོབས་དུས་ནམ་ཡང་གནས་ཡོད། ང་ཚོས་ཁོང་གི་སྙིང་སྟོབས་དུས་ནམ་ཡང་རྒྱུན་འཛིན་དང་དར་སྤེལ་བཏང་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་ཆེད་རང་ཉིད་ཀྱི་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བརྗོད།
རྒན་མོ་ལྷ་སྐྱིད་ཀྱིས་ལོ་བཞི་བཅུ་ཉིན་གཅིག་ལྟར་དུས་དང་རྣམ་པ་ཀུན་ཏུ་དམག་བཀུར་དཔེ་བཟང་དང་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཡག་པོ་བྱས་ཡོད། ལོ་མང་རིང་ཁོང་གིས་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཉེ་འགྲམ་གྱི་མང་ཚོགས་ལ་སེམས་འགུལ་ཐེབས་པ་དང་བཅའ་སྡོད་དཔོན་དམག་ལ་དྲོ་སྐྱིད་ཚོར་ནས་གངས་ལྗོངས་ས་མཐོར་དམག་དམངས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་བསྟོད་གླུ་ཞིག་བརྩམས་ཡོད།
“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོར་ཨ་མ་རྒན་མོའི་སྙིང་སྟོབས་རྒྱུན་འཛིན་སྔར་བས་ཡག་པོ་ཐུབ་ཅིང་། གམ་པ་རྫོང་གིས་རྒན་མོ་ལྷ་སྐྱིད་ཀྱི་དམག་བཀུར་བྱས་རྗེས་རྫོང་ཡོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་གསར་གཏོད་བྱ་གཞིར་བརྩིས་པས་རྒྱ་ཆེའི་ལས་བྱེད་མང་ཚོགས་དང་། སློབ་མ། དགོན་སྡེའི་གྲྭ་བཙུན་སོགས་ཁྲོད་སློབ་སྦྱོང་གི་ཚ་རླབས་འཕྱུར་ནས་ཚང་མས“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི”སྤྱི་དམངས་ཡག་པོ་ཞིག་བྱ་རྒྱུའི་བརྩོན་ལེན་བྱེད་བཞིན་མཆིས།