དབུ་ཤོག>གསར་འགྱུར།
  • སྒྱུ་རྩལ་གྱི་ལམ་བུའི་ཐོག་ཕུགས་འདུན་འཚོལ་མཁན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-12-06

    ཐུབ་བསྟན་ལགས་ནི། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་ཞིག་ཡིན། ཁོང་དགུང་ལོ་མཐོ་པོར་ཕེབས་ཀྱང་ད་དུང་གར་སྟེགས་ཐོག་མུ་མཐུད་འཁྲབ་སྟོན་གནང་བ་དང་ལྷད་མེད་བག་ཆགས་དང་ཐོག་མའི་བསམ་འདུན་མི་བརྗེད་པར་སྒྱུ་རྩལ་གྱི་ལས་ལ་གཞོལ་གྱི་ཡོད། 

    ཐུབ་བསྟན་ལགས་དགུང་ལོ་དྲུག་གི་སྐབས་ལྷ་སའི་ཀུན་བདེ་གླིང་དུ་ལྷ་མོའི་འཁྲབ་རྩལ་སྦྱངས་པ་དང་། 1955ལོར་ཀྲུང་གོ་གསར་པའི་གཞས་མ་གཏམ་གྱི་ལས་དོན་ནང་ཞུགས་ཤིང་། ལས་རོགས་བློ་བཟང་བསམ་གཏན་གྱིས“ཐུབ་བསྟན་ལགས་གྲོང་གསེབ་ཏུ་འཁྲབ་སྟོན་གནང་བར་ཕེབས་རྒྱུར་མཉེས་པོ་ཡོད། ཁོང་གྲོང་གསེབ་ལ་ཕེབས་རིམ་བཞིན་དེ་གར་ཡོང་བ་ལས་སླ་མོ་ཞིག་མིན་ཞེས་རྒྱུན་དུ་གསུངས་པ་དང་། རང་འགུལ་ངང་འཁྲབ་སྟོན་ལེ་ཚན་འདི་དང་དེ་འཁྲབ་ཀྱི་ཡིན་ཞེས་གསུངས་ཏེ་སྐུ་ཐང་ཆད་པ་ཚོར་གྱི་མེད། དེ་ནི་ངས་ཁོང་ལ་དགའ་མགུ་ཡི་རང་ཞུ་བ་དེ་ཡིན”ཞེས་བཤད། 

    ལོ་ལྟར་གཞི་རིམ་དུ་འཁྲབ་སྟོན་བྱེད་དགོས་པའི་རྐྱེན་གྱིས་ཐུབ་བསྟན་ལགས་ལ་ཕོ་བའི་ནད་ཚབས་ལྕི་པོ་ཞིག་ཕོག་པ་དང་། ཁོང་གྲོང་གསེབ་ཏུ་མ་ཕེབས་གོང་གནང་བའི་ཕྱག་ལས་དང་པོ་ནི་ཕོ་སྨན་འདང་ངེས་ཤིག་བསྣམ་རྒྱུ་དེ་ཡིན། ཐེངས་ཤིག་ཐུབ་བསྟན་ལགས་གླུ་གར་ཚོགས་པ་དང་མཉམ་དུ་སྟོད་ལུང་བདེ་ཆེན་ཆུས་ལ་སྐོར་སྐྱོད་འཁྲབ་སྟོན་བྱེད་པར་ཕེབས་ཤིང་། འཁྲབ་ར་བཟོས་ཚར་མ་ཐག་ས་ཁོང་གི་ཕོ་བའི་ནད་ལངས་ནས་ན་ཟུག་བཟོད་དཀའ་བ་ཞིག་བཏང་བ་དང་། ལས་རོགས་ཚོས་སེམས་ཁྲལ་ཆེན་པོས་ལོག་ཕེབས་ན་ཡག་ཅེས་ཞུས་ཀྱང་། ཁོང་གིས“ངས་འཁྲབ་རྒྱུའི་ལེ་ཚན་མང་བས། ལོག་ཕྱིན་ན་མི་འགྲིག ལེ་ཚན་ཤོད་མཁན་ལམ་སེང་གཏོང་རོགས”ཞེས་གསུངས། དེའི་ཚེ་རོལ་དབྱངས་ཀྱི་སྒྲ་གྲགས་པ་དང་། ཐུབ་བསྟན་ལགས་འཛུམ་དམུལ་དམུལ་ངང་གར་སྟེགས་སུ་ཕེབས་ནས་སྟངས་སྟབས་མྱུར་ཞིང་ཉམས་འགྱུར་ལྡན་ལ་གསུང་སྒྲ་གསང་བའི་ངང་འཁྲབ་སྟོན་མཐའ་འཁྱོལ་གནང་། འཁྲབ་སྟོན་མཇུག་འགྲིལ་རྗེས། ཐུབ་བསྟན་ལགས་གར་སྟེགས་ཀྱི་རྒྱབ་ཏུ་ཕེབས་པའི་སྐབས་ཕོ་བའི་ན་ཟུག་གིས་བཀའ་མོལ་ཡང་གསུང་ཐུབ་མེད། 

    སྐོར་སྐྱོད་རིག་རྩལ་འཁྲབ་སྟོན་གནང་རིང་། ཐུབ་བསྟན་ལགས་སྐུ་ཚེ་འདིར་ས་ཆ་མང་པོ་ཞིག་ཏུ་ཕེབས་མྱོང་ཞིང་། ཨ་རི་དང་ཁ་ན་ཏ་སོགས་སུ་བོད་ཀྱི་སྒྱུ་རྩལ་འཁྲབ་སྟོན་གནང་ནས་ལྟད་མོ་བར་ལྟད་མོ་ཆེན་པོ་བསྟན་པ་མ་ཟད། བོད་ཀྱི་ལུང་པ་ཁུག་ཀྱོག་གང་སར་ཕེབས་ཏེ་དེ་གའི་མང་ཚོགས་ལ་སྤྲོ་སྣང་ཡང་བྱིན་ཡོད། གལ་སྲིད་ཁོང་ལ་བརྗེད་པར་དཀའ་བའི་ས་ཆ་གང་ཡིན་ཞེས་གསུང་རོགས་ཞུས་ཚེ། ཁོང་གིས་ཐེ་ཚོམ་མེད་པར“མེ་ཏོག”རེད་ཅེས་བརྗོད་ངེས། 

    གང་ལགས་ཤེ་ན། དུས་རབས་གོང་མའི་ལོ་རབས་དྲུག་ཅུ་པ་དང་བདུན་ཅུ་པའི་ནང་། མང་ཚོགས་ཀྱི་སྒོ་རྩར་རིག་རྩལ་འཁྲབ་སྟོན་ཐུབ་ཆེད། ཐུབ་བསྟན་ལགས་རྟག་ཏུ་ཕྱིར་སྐོར་སྐྱོད་འཁྲབ་སྟོན་བྱེད་པར་ཕེབས་ནའང་། དེ་དུས་མེ་ཏོག་ཏུ་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པས་སྐོར་སྐྱོད་འཁྲབ་སྟོན་ལ་འགྲོ་མྱོང་མེད། 1972ལོར་ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱིས་མེ་ཏོག་ལ་སྐོར་སྐྱོད་འཁྲབ་སྟོན་རུ་ཁག་བཏང་ནས་ཕུལ་བྱུང་གི་ལེ་ཚན་འཁྲབ་སྟོན་བྱ་རྒྱུའི་ཐག་བཅད་པ་དང་དེའི་གྲས་སུ་ཐུབ་བསྟན་ལགས་ཡོད། དེ་དུས་མེ་ཏོག་ནི་རི་མཐོ་ཞིང་གཡང་གཟར་བ་དང་། དེར་སྐྱོད་སའི་གཡང་གཟར་ཤོས་སུ་གྲགས་པའི་མཐོ་ཚད་སྨི་4500ཙམ་ཟིན་པའི་རྡོ་གཞོང་ལ་རྒྱག་དགོས་ཀྱི་ཡོད། ལམ་བཟོས་ཀྱང་དྲག་ཆར་གྱིས་འཕྲལ་མར་འཁྱེར་འགྲོ་བ་དང་། མི་སྐོར་ཞིག་རི་འཛེག་དུས་ཡིན་གཅིག་ལམ་གསར་པ་ཞིག་འཚོལ་དགོས་སྟབས། དོན་དམ་པར་ལམ་ཞེས་པའང་བྲག་སྟེང་ལ་བརྐོས་པའི་ལམ་ཕྲན་ཞིག་སྟེ། གཞོགས་ཅིག་རི་མཐོན་པོ་དང་། གཞོགས་ཅིག་ཤོས་གཡང་གཟར་ཡིན་སྟབས། གཟབ་གཟབ་མ་བྱས་ཚེ་འཕྲལ་མར་རང་སྲོག་སྐྱེལ་ཉེན་ཡོད། དཀའ་ཉེན་འདི་ལྟ་བུར་བརྟེན་ནས་ལོ་ན་ཕྲ་བའི་ཐུབ་བསྟན་ལགས་ཀྱིས་སྡུག་རུས་ཆེན་པོས་རུ་མི་གཞན་དང་མཉམ་དུ་ཕན་ཚུན་མཐུན་སྒྲིལ་རོགས་རེས་བྱས་ནས་རྡོ་གཞོང་ལ་བརྒྱབ་པ་རེད།

    གཞས་མ་གཏམ་གྱི་བྱ་གཞག་ལ་མཉེས་པ་དང་། སྒྱུ་རྩལ་ལ་ཐུན་མིན་གྱི་ཤེས་ཡོན་འཛོམས་པ། གཟེངས་སུ་ཐོན་པའི་ལེགས་སྐྱེས་ཕུལ་བ་བཅས་ལ་བརྟེན་ནས། ཐུབ་བསྟན་ལགས་ལ་རྒྱལ་ཁབ་རིམ་པ་དང་པོའི་བྱ་དགའ་4དང་། འཁྲབ་སྟོན་ཕུལ་བྱུང་གི་བྱ་དགའ་2 དེ་བཞིན་རང་སྐྱོང་ལྗོངས་རིམ་པའི་བྱ་དགའ་དང་པོ་13དང་། དམིགས་བསལ་གྱི་བྱ་དགའ་3 བྱ་དགའ་རིམ་པ་གཉིས་པ་16རིམ་པ་གསུམ་པ་18བཅས་ཐོབ་པ་ལས། 2006ལོར་རང་རྒྱལ་གྱི་གཞས་མ་གཏམ་ལས་རིགས་ཀྱི་བྱ་དགའ་མཐོ་ཤོས་ཏེ་ཀྲུང་གོའི་གཞས་མ་གཏམ་མཐུན་ཚོགས་ཀྱི་ཤིང་པད་མའི་ཚེ་གང་གི་གྲུབ་འབྲས་བྱ་དགའ་ཐོབ་པ་དང་། 2011ལོར“བོད་དུ་སེམས་འགུལ་ཐེབས་པའི་མི་སྣ་དྲུག་ཅུའི”གྲལ་དུ་དཔྱད་འདེམས་བྱས་པ། 2013ལོར“ཀྲུང་གོའི་ཕུགས་འདུན་འགྲུབ་པའི་ལས་བཀུར་ལས་གཅེས་ཀྱི་མིག་དཔེ་བཟང་ཤོས”ཐོབ་པ་རེད། 

    ཐུབ་བསྟན་ལགས་ནི། སྒྱུ་རྩལ་ལས་ལ་རྩེ་གཅིག་ཏུ་གཞོལ་མཁན་དང་། ལྷག་བསམ་ཟོལ་མེད་ངང་ཕུགས་འདུན་དོན་དུ་གཉེར་མཁན། ངོ་གནོང་མི་དགོས་པའི་མི་དམངས་ཀྱི་སྒྱུ་རྩལ་མཁས་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།