རྒན་མོ་ཞིག་གིས་ལོ་སུམ་ཅུར་གཞན་ཕན་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་བཅངས་ནས། གཞན་ལ་ལེགས་སྐྱེས་འབུལ་བའི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱི་ས་བོན་དེ་རང་ཉིད་ཀྱི་སེམས་སུ་བཏབ་པ་རེད།
1933ལོར། ལྷག་པ་སྒྲོལ་མ་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་གི་ཐག་རིང་ལུང་ཁུག་གི་གྲོང་ཚོ་ཞིག་ཏུ་སྐྱེས་ཤིང་། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ལྷག་པ་སྒྲོལ་མའི་འཚོ་བར་འཕོ་འགྱུར་ཆེན་པོ་བྱུང་བ་རེད།
“སྐབས་དེར་ལོ་ཉེར་ལྔ་ལྷག་ཙམ་ལ་སླེབས་པ་དང་ལུས་ཡོངས་ལ་ཤེད་ཤུགས་ལྡན་པའི་ན་ཚོད་ཡིན་པས་གཅེན་པོའི་རོགས་རམ་འོག་ལྷ་ས་ཨར་སྐྲུན་རུ་ཁག་དང་པོའི་ཁྲུའུ་བཞི་པར་རྡོ་དབོར་བ་དང་ཨར་འདམ་འཁུར་བ་སོགས་ལས་ཀ་ཅི་རིགས་བྱས་པ་ཡིན”ཞེས་འདི་ལོར་ལོ་84ལ་སླེབས་པའི་ལྷག་པ་སྒྲོལ་མས་ཕྱིར་དྲན་བྱས་པ་རེད།
ལྷ་སར། ལྷག་པ་སྒྲོལ་མ་བོད་ལྗོངས་ངལ་རྩོལ་མི་དམངས་ཀྱི་རིག་གནས་ཕོ་བྲང(པོ་ཏ་ལའི་ལྷོ་འདབས་སུ་ཡོད་ལ་2004ལོར་པོ་ཏ་ལའི་ཐང་ཆེན་སྐྲུན་སྐབས་བཤིག་པ་རེད)དང་བོད་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཐོག་ཁང་ཆེ་མོ་སོགས་ལས་གྲྭ་མང་པོའི་འཛུགས་སྐྲུན་ནང་ཞུགས་མྱོང་བ་དང་། དེ་སྔོན་རང་ཉིད་འཛུགས་སྐྲུན་ལས་ཀའི་ནང་ཞུགས་མྱོང་བའི་བཟོ་བཀོད་དེ་དག་མཐོང་སྐབས་ལྷག་པ་སྒྲོལ་མར་སྤོབས་པ་ཆེན་པོ་སྐྱེས་ཀྱི་ཡོད་པ་རེད། 2008ལོར་དབུན་ཁྲོན་དུ་ས་ཡོམ་རྒྱག་དུས་ལས་འཁྱུར་བྱས་ནས་ཁྱིམ་དུ་བསྡད་ཡོད་པའི་ལྷག་པ་སྒྲོལ་མས་གསོག་དངུལ་མང་པོ་མེད་རྐྱེན་སྒོར་100ཞལ་འདེབས་ཕུལ་བ་རེད།
“བཟའ་རྒྱུ་མེད། འཐུང་རྒྱུ་མེད། སྡོད་ས་མེད་པའི་མི་དེ་འདྲ་མང་པོ་ཡོད་ཀྱང་ངས་སྒོར་100ལས་ཞལ་འདེབས་རྒྱག་ཐུབ་མ་སོང་། ང་རང་རྟག་ཏུ་གནོང་འགྱོད་སྐྱེ་གི་འདུག”དེར་བརྟེན་ཁྱོ་ག་སྔ་ས་ནས་གྲོངས་ཤིང་བུ་ཕྲུག་གཅིག་ཀྱང་མེད་པའི་ལྷག་པ་སྒྲོལ་མས་རང་གི་ཁང་པ་འབའ་ཞིག་དེ་བཙོངས་པའི་དངུལ་དང་ལས་འཁྱུར་དངུལ་ཚང་མ་རོགས་རམ་བྱེད་དགོས་ངེས་ཀྱི་མི་རྣམས་ལ་ཞལ་འདེབས་འབུལ་རྒྱུའི་སེམས་ཐག་བཅད་པ་རེད།
ལས་འཁྱུར་བྱས་ནས་ད་བར་དུ། ལྷག་པ་སྒྲོལ་མས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་དང་། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། ཕན་བདེ་ཁང་། དྭ་ཕྲུག་ཁང་སོགས་ལ་ཁྱོན་སྒོར་ཁྲི་35ཞལ་འདེབས་བརྒྱབ་པ་རེད།
“ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་དྲིན་གྱིས་ང་ལྟོ་གོས་ལ་སེམས་ཁྲལ་བྱེད་དགོས་ཀྱི་མེད་སྟབས། གྲོན་ཆུང་ཐུབ་པའི་དངུལ་གྱིས་མི་དེ་བས་མང་བར་རོགས་རམ་ཐུབ་ཀྱི་ཡོད་པས་ང་རང་སེམས་ཧ་ཅང་དགའ་པོ་བྱུང”ཞེས་རྒན་མོ་ལྷག་པ་སྒྲོལ་མས་བརྗོད།
2014ལོའི་ཟླ་10ཚེས་17ཉིན། རྒྱལ་ཡོངས“དབུལ་སྐྱོར་ཉིན་མོ”ཐེངས་དང་པོར་ལྷག་པ་སྒྲོལ་མས་སྒོར་ཁྲི་1ཞལ་འདེབས་བརྒྱབ་ནས་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དྲག་སྐྱེད་ལྟེ་གནས་ཀྱི་དབང་པོ་སྐྱོན་ཅན་20ལ་རོགས་རམ་བྱས་པ་དང་། ཞལ་འདེབས་འབུལ་བའི་མཛད་སྒོར་ཞལ་འདེབས་དང་ལེན་བྱེད་མཁན་དབང་པོ་སྐྱོན་ཅན་ཚོས་རྒན་མོ་ལྷག་པ་སྒྲོལ་མར་ཁ་བཏགས་བསྒྲོན་པ་རེད།
2015ལོའི་ཟླ་6པར། ལྷག་པ་སྒྲོལ་མ་ཀྲུང་གོའི་མི་བཟང་པོའི་མིང་གཞུང་དུ་ཚུད་ཅིང་། མི་རྣམས་ཀྱིས་རྒྱུ་མཚན་ཅིའི་ཕྱིར་དགེ་སྒྲུབ་ཞལ་འདེབས་ཕུལ་བ་ཡིན་ཞེས་འདྲི་སྐབས་ཁོ་མོས“ད་ཆ། སྨན་བཅོས་བྱེད་པར་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ཡོད་ལ། རང་ཉིད་གཅིག་པུར་འགྲོ་སོང་ཆེན་པོ་མེད་པས། གྲོན་ཆུང་ཐུབ་པའི་དངུལ་གྱིས་རོགས་རམ་བྱེད་དགོས་ངེས་ཀྱི་མི་རྣམས་ལ་ཞལ་འདེབས་རྒྱག་པ་ནི་དགའ་ཞིང་སྤྲོ་བའི་བྱ་བ་ཞིག་རེད”ཅེས་ལན་བཏབ་པ་རེད།
ད་ཆ། རྒན་མོ་ལྷག་པ་སྒྲོལ་མ་ལྷ་ས་ཀུན་བདེ་གླིང་སྡེ་ཁུལ་གྱི་སྨི་ངོས་གྲུ་20ལྷག་ཙམ་ལས་མེད་པའི་བོགས་གཏོང་ཁང་པ་ཞིག་ཏུ་བསྡད་ཡོད་ལ། ཁང་པའི་ནང་གི་ཉལ་ཁྲི་ཆུང་ངུ་དང་། སྒྲོག་ཙེ་ཆུང་ངུ་། བརྙན་འཕྲིན་བཅས་ནི་ཁོ་མོའི་རྒྱུ་ནོར་ཡོད་ཚད་རེད།
རྒན་མོ་ལྷག་པ་སྒྲོལ་མ་ནི་ཉི་མའི་འོད་ཟེར་དང་འདྲ་བར་ཁོ་མོས་རོགས་རམ་བྱེད་མྱོང་བའི་མི་ཚང་མར་དྲོ་སྐྱིད་སྦྱིན་གྱི་ཡོད་པས། ཁོང་ཚོར་བདེ་སྐྱིད་ལྡན་པའི་འཚོ་བ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོད་ངེས་རེད།