དབུ་ཤོག
  • སྟེང་ཆེན་རྫོང་གཏམ་སྟོད་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་ཁྱི་ཕྲུག་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-11-30

    ཁོང་གི་མིང་ལ་ཁྱི་ཕྲུག་ཟེར་ཞིང་། སྨན་པ་དཀྱུས་མ་ཞིག་ཡིན།

    ཁྱི་ཕྲུག་གི་ཁྱིམ་རྫོང་གྲོང་ནས་བར་ཐག་སྤྱི་ལེ་56སར་ཡོད་པའི་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གཏམ་སྟོད་ཤང་དུ་ཡོད་ཅིང་། སྟེང་ཆེན་རྫོང་ནས་ལྷོ་ནུབ་ཀྱི་ཕྱོགས་སུ་བསྐྱོད་དེ། རྔམ་བརྗིད་ལྡན་པའི་ཝ་ར་རི་བོ་བརྒལ་བ་དང་ཁོད་སྙོམས་པའི་རི་ལམ་ཀྱག་ཀྱོག་དང་ལམ་འགྲམ་གྱི་དྭངས་ཤིང་གཙང་བའི་གཙང་པོ་བརྒྱུད་ཚེ། གཞི་ནས་ཁྱི་ཕྲུག་གི་ལས་ཀ་བྱ་ཡུལ་ཏེ་གཏམ་སྟོད་ཤང་འཕྲོད་བསྟེན་ཁང་དུ་འབྱོར་གྱི་ཡོད།

    གནས་དེར་གསར་འགོད་པས་ཁྱི་ཕྲུག་མཐོང་བ་དང་ཆབས་ཅིག ལུས་ལ་གྱོན་ཆས་དཀར་པོ་གྱོན་པའི་ཁོང་གིས་སྤྱིར་ན་བསྐྲུན་ཟིན་པའི་ཐོག་ཁང་མདུན་དུ་ཕྱོགས་བཞི་མཚམས་བརྒྱད་ལ་བརྟག་ཞིབ་བྱེད་བཞིན་མཆིས།

    གསར་འགོད་པ་ཡོང་དོན་ཤེས་རྗེས། སྨྱན་སྦྱོར་གྱི་གསར་འགོད་པ་དང་ཐུག་འཕྲད་བྱེད་ཐེངས་དང་པོ་ཡིན་ནའང་།  འཚེར་སྣང་སྤུ་ཙམ་ཡང་བྱེད་ཀྱི་མེད། “འཕྲོད་བསྟེན་ཁང་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་བཞིན་ཡོད། ཐོག་ཁང་དེ་བསྐྲུན་རྗེས་འཕྲོད་བསྟེན་ཁང་དུ་ཕྱི་ནད་ཚན་ཁག་དང་བུད་མེད་ཚན་ཁག་སོགས་ཀྱི་ནུས་པ་སྔར་བས་ཁ་གསལ་དུ་འགྲོ་རྒྱུ་ཡིན་པས། ཡུལ་མི་ཚོས་ཀྱང་སྨན་བཅོས་ཞབས་ཞུ་དེ་བས་ལེགས་པ་ལོངས་སུ་སྤྱོད་ཐུབ”ཅེས་ཁོང་གིས་རྒྱབ་ཕྱོགས་ཀྱི་སྐྲུན་དངོས་ལ་མཛུབ་མོ་བཙུགས་ནས་དེའི་སྐོར་ངོ་སྤྲོད་རགས་ཙམ་བྱས་པ་དང་ནག་ཅིང་སྣུམ་པའི་ངོ་གདོང་ནས་འཛུམ་མདངས་འཕྱུར།

    གཏམ་སྟོད་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་ཡིན་པའི་ཁོང་གིས་ད་བར་གཞི་རིམ་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་ལོ་39ལེགས་སྐྱེས་ཕུལ་ཡོད། ཁོང་ལ་ལོ་ངོ་དེ་དག་རིང་རི་ལམ་ག་ཚོད་བརྒྱུད་མྱོང་བ་དང་ལམ་བར་དུ་དཀའ་ངལ་ག་ཚོད་འཕྲད་པའི་སྐོར་འདྲི་སྐབས། ཁོང་གིས་ལན་གསལ་པོ་ཞིག་རྒྱག་མི་ཐུབ། འོན་ཀྱང་ཁོང་ལ་གྲོང་ཚོ་གང་ཞིག་གི་གནས་ཚུལ་དང་གཞི་རྩའི་སྨན་བཅོས་དགོས་མཁོ་སོགས་ཀྱི་སྐོར་འདྲི་སྐབས། ཁོང་གིས་རྒྱུས་མངའ་ཧ་ཅང་ཆེ་བའི་སྒོ་ནས་ལན་རྒྱག་སྲིད།

    སྨན་པ་བྱེད་དོན་སྐོར་གླེང་སྐབས། ཁྱི་ཕྲུག་གིས་ལན་ཧ་ཅང་སྟབས་བདེ་ཞིག་བརྒྱབ་བྱུང་། “ཆ་རྐྱེན་ཧ་ཅང་སྐྱོ་བའི་འབྲོག་ཁུལ་དུ་སྨན་བཅོས་སྲོག་སྐྱོབ་ཀྱི་སྨན་པ་ཞིག་བྱ་རྒྱུ་བྱུང་བ་ནི་བླ་ན་མེད་པའི་བྱ་བ་ཞིག་རེད་ཅེས་སྙམ་གྱི་འདུག”ཅེས་པ་དེ་རེད།

    གཏམ་སྟོད་ཆུས་དབྱེ་དག་གཤིས་ཤང(1988ལོར་གཏམ་སྟོད་ཤང་དབྱེ་དག་གཤིས་གྲོང་ཚོར་བསྒྱུར)གི་སྨན་བཅོས་མཉམ་ལས་ཁང་འདི་ཉིད་གྲོང་ཚོ་དང་བར་ཐག་ཉེ་བར་བརྟེན་ཁྱི་ཕྲུག་སྨན་བཅོས་ཤེས་བྱ་སྦྱོང་བའི་ལས་ལ་གཞོལ་འགོ་ཚུགས་པ་དང་ཕྱིས་སུ་ཁོང་ཆབ་མདོ་འཕྲོད་བསྟེན་སློབ་གྲྭར་ཟབ་སྦྱོང་བྱེད་པར་བསྐྱོད་མྱོང་ཡོད།

    1978ལོར་ཁྱི་ཕྲུག་དངོས་སུ་སློབ་གྲྭ་ཐོན་པ་དང་འབྲེལ། དབྱེ་དག་གཤིས་གྲོང་ཚོའི་སྨན་པར་གྱུར་ཞིང་། སྐབས་དེ་དུས་ཁོང་ལོ་17ལ་སླེབས་ཡོད།

    ལས་གནས་ཐོག་སླེབས་མ་ཐག་པའི་ཁོང་ལ་ལས་ཀ་བྱེད་སེམས་ཡོད་པ་མ་ཟད་ཕུགས་བསམ་ཡང་ཆེན་པོ་ཡོད། ཡིན་ནའང་ལས་ཀའི་ཁོར་ཡུག་དབང་གིས་ཕུགས་བསམ་དང་དོན་དངོས་དབར་བར་ཐག་ཇེ་རིང་དུ་སོང་།

    “སྐབས་དེ་དུས་འཕྲོད་བསྟེན་ཁང་ལ་ཁང་མིག་གཉིས་ལས་མེད་པ་དེའང་ཤང་སྲིད་གཞུང་ལ་གཡར་བ་ཞིག་རེད། སྨན་བཅོས་ཡོ་བྱད་སྟབས་བདེ་བའི་ཁར། སྐབས་འགར་སྨན་ཆུ་བླུགས་ཆས་ཆ་ཚང་ཞིག་ཀྱང་འདོན་རྒྱུ་མེད། ཤང་ཡོངས་སུ་རང་ཉིད་རྩིས་པའི་མཁོ་ཆོད་སྨན་པ་གཉིས་རང་ལས་མེད”ཅེས་ཁྱི་ཕྲུག་གིས་དྲན་གསོ་བྱེད་བཞིན་བརྗོད། རང་ཉིད་ལ་ཉམས་མྱོང་མེད་པའི་རྐྱེན་གྱིས་དང་ཐོག་ནད་པར་སྨན་བཅོས་བྱེད་སྐབས་སེམས་ནང་དངངས་སྐྲག་སྐྱེས་པ་མ་ཟད། ཞེ་སྣང་ཡང་ཆེན་པོ་ཡོང་གི་འདུག

    དཀའ་ངལ་ཁྱད་བསད་ཐུབ་པ་དང་བསམ་པའང་ཉམས་མྱོང་གསོག་རིམ་བཞིན་ལྷོད་དུ་ཕྱིན་མོད། ཡིན་ནའང་འགྱུར་བ་མེད་པ་ནི་རྟག་ཏུ་ཡུལ་མིའི་ཚེ་སྲོག་བདེ་ཐང་སེམས་ནང་འཇོག་པའི་བསམ་པ་དེ་རེད། དུས་ཚོད་གང་ཙམ་སོང་རྗེས། ཡུལ་མི་ཚོས་ནད་གཞི་ཕོག་རྗེས་གཞི་ནས་སྨན་པ་བསྟེན་པར་ཡོང་གི་ཡོད་པར་བརྟེན་གཞན་དབང་དུ་གྱུར་བ་མ་ཟད། ཕར་འགྲོ་ཚུར་འོང་བྱེད་རིང་ནད་པའི་སྨན་བཅོས་ཀྱི་དུས་ཚོད་ཡག་ཤོས་འཐུས་ཤོར་འགྲོ་གི་ཡོད་པ་ཁྱི་ཕྲུག་གིས་ཤེས་རྟོགས་བྱུང་ཡོད།

    གནས་ཚུལ་དེ་དག་བསམ་བློར་འཁོར་སྐབས་ཁོང་གིས་ལག་ལེན་དོན་ཐོག་ཏུ་འཁྱོལ་བ་བྱས་ཤིང་།“ད་ཡོད་གནས་ཚུལ་ཚོད་འཛིན་བྱེད་པ་ལས་རང་འགུལ་ངང་གྲོང་མིའི་སྒོ་རྩར་བསྐྱོད་ནས་རིམས་འགོག་སྨན་ཁབ་རྒྱག་པ་དང་སྨན་བཅོས་བྱས་ན་དགའ་སྙམ”

    སྔོན་ཆད་གཏམ་སྟོད་ཤང་གི་འགྲིམ་འགྲུལ་སྟབས་བདེ་པོ་མེད་པའི་ཁར་གྲོང་མི་ཁ་ཐོར་དུ་གནས་པ་དང་ཐག་རིང་ཤོས་ཀྱི་རང་བྱུང་གྲོང་ཚོ་ཡང་ཤང་སྲིད་གཞུང་དང་བར་ཐག་སྤྱི་ལེ་70ལྷག་ཙམ་ཆོད་ཡོད། དུད་ཚང་མི་རེ་ངོ་རེའི་སར་སྨན་བཅོས་བྱེད་པར་བསྐྱོད་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན།

    ཡིན་ནའང་ཁྱི་ཕྲུག་གིས་ཤང་ཡོངས་ཀྱི་ཡུལ་མི་ཚང་མའི་བདེ་ཐང་གི་ཆེད་དུ་གྲོང་མིའི་སར་སྨན་བཅོས་བྱེད་པར་བསྐྱོད། ཁོང་གིས་ལྗིད་ཚད་རྒྱ་མ་30ལྷག་ཙམ་ཟིན་པའི་སྨན་སྒམ་འཁྱེར་བ་དང་ཆབས་ཅིག རྟ་འཁྲིད་ནས་གྲང་ངར་དང་ཚ་སྡུག་གི་དཀའ་ངལ་ལ་མ་འཛེམ་པར་ཐག་ཅི་འདྲ་རིང་བ་དང་ལམ་གུ་དོག་པོ་གང་འདྲ་ཡོད་ཀྱང་རྦད་དེ་ཁྱད་བསད་བྱེད་ཀྱི་ཡོད།

    1992ལོར་ཁྱི་ཕྲུག་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་ཤིང་། ཏང་ནང་ཞུགས་རྗེས་ཁོང་གི་བསམ་བློའི་གོ་རྟོགས་སྔར་བས་མཐོ་རུ་ཕྱིན་ཡོད།

    སྨན་པ་ཇི་ཙམ་བྱས་ན་ཉམས་མྱོང་དེ་ཙམ་གྱིས་ཕུན་སུམ་ཚོགས། ལོ་ན་རིམ་བཞིན་མཐོ་རུ་སོང་བ་དང་སྦྲགས། ཁོང་ནད་ཚན་ཁག་དང་རུས་ནད་ཚན་ཁག་གི་ཡོན་ཚད་སྔར་བས་མཐོ་རུ་སོང་བ་དང་། ལྷག་པར་དུ་སྲོལ་རྒྱུན་གྱི་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་ཀྱང་སྨོས་ཅི་དགོས། ཁྱི་ཕྲུག་གིས་སྨན་རིལ་བུ་འགའ་ཞིག་ལ་བརྟེན་ནས་མི་སེར་གྱི་ན་ཟུག་འཇོམ་ཐབས་བྱེད་ཀྱི་ཡོད།

    དུས་རབས་འཕེལ་རྒྱས་སོང་བ་དང་སྦྲགས། དེང་རབས་ཀྱི་ཕྱི་ལུགས་སྨན་ཁྱབ་གདལ་སོང་ཡོད། ཁོང་གིས་དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སྙེག་ཐུབ་པ་བྱ་ཆེད། རྒྱ་ཡིག་སྦྱོང་བ་དང་སྨན་རྫས་ཁག་ལ་ཞིབ་འཇུག་བྱ་རྒྱུ་དེ་ཉིན་ལྟར་ངེས་པར་དུ་སྒྲུབ་དགོས་པའི་ལས་ཀར་གྱུར་ཡོད། ལས་རོགས་ལ་བཀའ་འདྲི་ཞུ་བ་དང་། ནད་པའི་ནད་གཞི་ཤེས་རྟོགས་བྱེད་པ། ཟིན་བྲིས་ཡག་པོ་རྒྱག་པ་བཅས་བྱས་པས་ཁྱི་ཕྲུག་གི་ཕྱི་ལུགས་གསོ་རིག་ལག་རྩལ་མཐོ་རུ་ཕྱིན་ཡོད།

    ཁྱི་ཕྲུག་གི་སྣེ་ཁྲིད་འོག་གཏམ་སྟོད་ཤང་འཕྲོད་བསྟེན་ཁང་ལ་སྔ་རྗེས་སུ“སྟེང་ཆེན་རྫོང་གི་སྔོན་ཐོན་ཤང་གྲོང་གི་འཕྲོད་བསྟེན་ཁང”དང“མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་རང་སྐྱོང་ལྗོངས་ཀྱི་ཤང་གྲོང་འཕྲོད་བསྟེན་ཁང”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

    ཁྱི་ཕྲུག་གིས་བལྟས་ན། ནད་བཅོས་སྲོག་སྐྱོབ་ནི་ནམ་ཡང་ཚར་དུས་མེད་པའི་ལས་ཞིག་ཡིན། ནད་པ་ཡོད་ཚེ། ཁོང་གིས་ཐེ་ཚོམ་མེད་པར་སྨན་བཅོས་བྱེད་པ་དང་ཚང་མའི་བཞིན་ནས་བློ་ཡིད་ཚིམ་པའི་འཛུམ་མདངས་འཕྱུར་སྐབས། རང་ཉིད་གཞི་ནས་འདོད་བློ་ཁེངས་ཀྱི་ཡོད། “ང་ཚོ་སྨན་བཅོས་ཆ་རྐྱེན་དང་སྲིད་ཇུས་ཇེ་ལེགས་སུ་སོང་བའི་དུས་རབས་དེ་འདྲ་ཞིག་ནང་འཚོ་བ་སྐྱེལ་རྒྱུ་བྱུང་བ་ནི་དངོས་ནས་ང་ཚོའི་བསོད་ནམས་རེད། ངར་དགའ་ཚོར་ཆེ་ཤོས་བྱུང་བ་ནི་གོང་རིམ་ཚན་པས་སྒོར་ཁྲི་900ཙམ་བཏང་ནས་འཕྲོད་བསྟེན་ཁང་རྒྱས་སྐྲུན་བྱས་པ་དེ་ཡིན། རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་ཚེ། ང་ཚོས་དེ་བས་ལེགས་པའི་སྒོ་ནས་ཡུལ་མི་ཚོར་ཞབས་འདེགས་ཞུ་ཐུབ”ཅེས་ཁོང་གིས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།

    “ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་འཁོད་པའི་དབུལ་སྒྲོལ་འགག་སྒྲོལ་དང་བདེ་ཐང་ཀྲུང་གོའི་ནང་དོན་ལས་ངར་བག་ཆགས་ཟབ་ཤོས་བྱུང་། ”བཅར་འདྲི་མཇུག་འགྲིལ་སྐབས། ཁྱི་ཕྲུག་གིས“ད་ཆ་རྒྱལ་ཡོངས་ཀྱི་གང་སར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་གནས་ཚུལ་བརྗོད་བཞིན་ཡོད། ང་ཚོས་ཤང་དེ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་བདེ་ཐང་འགན་ལེན་བྱས་ཏེ་ནང་དོན་ཞིབ་ཅིང་ཕྲ་བའི་རྒྱུན་གཏན་གྱི་གཟུགས་པོའི་བརྟག་དཔྱད་འཆར་གཞི་བཏིང་ཡོད། སྨན་པའི་ངོས་ནས་བརྗོད་ན། ཚང་མའི་ལུས་པོའི་བདེ་ཐང་འགན་ལེན་བྱུང་ཚེ་གཞི་ནས་དེ་བས་ལེགས་པའི་སྒོ་ནས་རང་ཉིད་ཀྱི་ཁྱིམ་གཞིས་བསྐྲུན་ཐུབ”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།