“འདི་ནི་བྱིས་པའི་དུས་ཆེན་སྐབས་གཅེན་གཅུང་གཉིས་ལ་ལྟ་བར་འགྲོ་སྐབས་གཅུང་པོར་ལྷམ་གསར་པ་ཆེ་ཆུང་ཏག་ཏག་བྱེད་མིན་ལྟ་རུ་བཅུག་པ་དེ་རེད”
“འདི་ནི་དེའི་གོང་ཁོང་གཉིས་ལ་ལྟ་བར་འགྲོ་སྐབས་འཁྱེར་བའི་ཏན་ཞིམ་དང་ཤིང་ཏོག་རེད། ཁོང་གཉིས་ཏན་ཞིམ་དང་ཤིང་ཏོག་བཟའ་རྒྱུར་ཧ་ཅང་དགའ་པོ་ཡོད”
པར་རིས་ལ་ལྟ་བཞིན་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་སི་ཁྲོན་ཟམ་པ་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་ལྷ་མོས་གསར་འགོད་པར་འདྲ་པར་གྱི་སྐོར་བཤད། པར་དེ་གཉིས་ནི་བློ་བཟང་ཆོས་གྲགས་དང་བསྟན་དར་སེང་གེ་གཅེན་གཅུང་གཉིས་པོ་རེད།
ཉི་མ་ལྷ་མོས་རང་ཉིད་དང་ཁྲག་རྒྱུད་ཀྱི་འབྲེལ་བ་མེད་པའི་གཅེན་གཅུང་གཉིས་པོར་སེམས་ཁུར་དང་རོགས་རམ་དེ་འདྲ་བྱེད་དགོས་དོན་གང་ཡིན་ནམ།
གཏམ་རྒྱུད་དེ་ལོ་བཅུའི་གོང་གི་གནས་ཚུལ་ནས་ཤོད་དགོས་ཤིང་། 2007ལོར་སི་ཁྲོན་ཟམ་པ་སྡེ་ཁུལ་ཨུ་ལྷན་དུ་ལས་ཀ་བྱེད་པར་སླེབས་པའི་ཉི་མ་ལྷ་མོས་དུད་ཚང་དུ་བཅར་འདྲི་བྱེད་པར་འགྲོ་སྐབས་གཅེན་གཅུང་གཉིས་པོ་འཕྲད།
“སྐབས་དེ་དུས་གཅེན་གཅུང་གཉིས་པོའི་གྱོན་གོས་རྙིང་ཧྲུལ་དང་ལུས་པོ་ཡོངས་དྲེགས་པས་ཁེངས་འདུག ངས་འཕྲལ་དུ་ཁོང་གཉིས་ཀྱི་གཟུགས་པོ་བཀྲུས་ཏེ་གྱོན་གོས་གསར་པ་གཡོག་པ་ཡིན”ཞེས་ཐེངས་དང་པོ་ཐུག་པའི་རྣམ་པ་ཕྱིར་དྲན་བྱེད་སྐབས་ཉི་མ་ལྷ་མོའི་ངོ་གདོང་ལས་སྐྱོ་སྣང་ཞིག་མངོན།
“སྐབས་དེ་དུས་ཕྲུ་གུའི་སྤོ་བོ་དང་། རྨོ་བོ། པ་ཕ་བཅས་ཚང་མ་གྲོངས་པ་དང་ཨ་མར་ཡང་སྨྱོ་ནད་ཕོག་སྟབས་ཁོང་གཉིས་པོར་ལྟ་རྟོག་བྱེད་ཐབས་བྲལ”དུས་དེ་ནས་བཟུང་ཉི་མ་ལྷ་མོས་ཕྲུ་གུ་གཉིས་པོ་གསོ་ཉར་བྱས།
གཅུང་པོ་བསྟན་དར་སེང་གེའི་རིག་སྟོབས་སྐྱོན་ཅན་ཡིན་སྟབས་ཕྲུ་གུའི་འབྱུང་འགྱུར་ཆེད་ཉི་མ་ལྷ་མོས་གཟོད་པར་དཀའ་བའི་སེམས་ཐག་ཅིག་བཅད།
“ང་རང་ལས་བྲེལ་ཧ་ཅང་ཆེན་པོ་ཡོད། ཕན་བདེ་ཁང་དུ་དམིགས་བསལ་སློབ་གྲྭ་ཡོད་པས་དེ་གར་བསྟན་དར་སེང་གེར་སློབ་གསོ་ཡག་པོ་ཐོབ་ཐུབ། དེར་བརྟེན་ངས་ཁོ་པ་ཕན་བདེ་ཁང་དུ་བསྐྱལ་བ་དང་དུས་རྒྱུན་དུ་ལྟ་བར་འགྲོ་ཡི་ཡོད”ཉི་མ་ལྷ་མོ་སེམས་ཐག་དེ་མི་བཅད་ཀ་མེད་དུ་གྱུར།
ད་ཆ་གཅེན་པོ་བློ་བཟང་ཆོས་གྲགས་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་དང་པོར་ལས་ཀ་བྱེད་པ་དང་གཅུང་པོ་བསྟན་དར་སེང་གེའང་ཉེ་འགྲམ་གྱི་ཁོར་ཡུག་གོམས་ནས་རང་རྐྱ་འཕེལ།
སི་ཁྲོན་ཟམ་པ་སྡེ་ཁུལ་དུ་ཕན་ཚུན་རོགས་རམ་བྱེད་པའི་གཏམ་རྒྱུད་དེ་ལྟ་བུ་ཧ་ཅང་མང་པོ་ཡོད། ལོ་མང་རིང་སི་ཁྲོན་ཟམ་པ་སྡེ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ལས་དོན་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་དང་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་ཞིག་རེད།
ཐེམ་ཁུངས་སི་ཁྲོན་ནས་ཡིན་པའི་སྒེར་གཉེར་དུད་ཚང་ཝང་ཡུང་ཀྲུང་དང་ཁོང་གི་བཟའ་ཟླ་ཁྲེན་ཡུང་ཧུའེ་ཡིས་སི་ཁྲོན་ཟམ་པ་སྡེ་ཁུལ་དུ་ཁྱིམ་ཆས་ཚོང་ཁང་གཉེར་ནས་ལོ་བཅུ་ལྷག་ཙམ་སོང་བ་དང་ད་ཆ་ཁོང་གཉིས་ནི་སྡེ་ཁུལ་ཡུལ་མི་ཚོའི་སེམས་ནང་གི་སེམས་རྩ་འཁོལ་བའི་མི་སྣར་གྱུར་ཡོད། སུར་དཀའ་ངལ་ཡོད་པ་དང་རོགས་རམ་བྱེད་དགོས་ཀྱི་ཡོད་ན་ཝང་ཡུང་ཀྲུང་གིས་འཕྲལ་དུ་རོགས་རམ་བྱེད་པར་ཡོང་གི་ཡོད། ཁྱོ་ཤུག་གཉིས་པོས་ད་དུང་སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་དུད་ཚང་མི་ཉུང་བ་ཞིག་དང་ཆ་སྒྲིག་རོགས་སྐྱོར་བྱས།
དེ་ཉིན་ཕྱི་དྲོ་ཡུལ་མིའི་ཁྱིམ་དུ་ཅོག་ཙེ་བཟོ་རོགས་བྱས་ནས་ཁྱིམ་དུ་ལོག་ཡོང་བའི་ཝང་ཡུང་ཀྲུང་གིས་བཟའ་ཟླ་ཁྲེན་ཡུང་ཧུའེ་ལ“ཁྱེད་ཀྱིས་ཚལ་དང་སྣུམ་ཉོ་བར་རྒྱུག་དང་། ང་གཉིས་ཨ་ཅག་རྡོ་རྗེ་སྒྲོལ་མར་ལྟ་བར་འགྲོ”ཞེས་བཤད།
རྡོ་རྗེ་སྒྲོལ་མ་འདི་ལོ་ལོ་69ལ་སླེབས་པ་དང་བཟའ་ཟླ་སྔ་ས་ནས་གྲོངས་པ་དང་བུ་མོའང་ཐག་རིང་དུ་མནའ་མར་ཕྱིན་སྟབས་ཁོང་གཅིག་པུ་སྲིད་གཞུང་གིས་གཡར་བའི་ཁང་པའི་ནང་སྡོད་ཀྱི་ཡོད།
ཁྱོ་ཤུག་གཉིས་པོ་རྡོ་རྗེ་སྒྲོལ་མའི་ཁྱིམ་དུ་ཡོང་ནས་ཁོང་དང་ཅི་འཕྲོས་མོས་འཕྲོས་ཤོད་པ་དང་ཝང་ཡུང་ཀྲུང་གིས་རྒས་མོ་དང་བོད་སྐད་ཐོག་ནས་ཁ་བརྡ་ཆུ་རྒྱུག་རྒྱུག་གློད།
ཝང་ཡུང་ཀྲུང་གིས་ཆ་སྒམ་གྱི་སྒོ་ཕྱེ་གིན་རྒས་མོར“རྩམ་པ་དང་མར་རྫོགས་ན་ང་གཉིས་ལ་ཤོད་དང་ལམ་སེང་སྐྱེལ་བར་ཡོང་ཆོག”ཅེས་བཤད།
ཁྲེན་ཡུང་ཧུའེ་ཡིས་རྒས་མོར་ཉལ་ཆས་བསྡུ་རོགས་བྱེད་པ་དང་གཙང་སྦྲ་བྱེད་བཞིན་མཆིས།
རྒས་མོ་རྡོ་རྗེ་སྒྲོལ་མས“ཞའོ་ཝང་གིས་དུས་རྒྱུན་དུ་ང་ལ་འབྲུ་རིགས་དང་སྣུམ་སོགས་སྐྱེལ་བར་ཡོང་གི་ཡོད། ཁོང་གིས་ངའི་ཕྲུ་གུ་བཞིན་ང་ལ་ལྟ་རྟོག་བྱེད་ཀྱི་ཡོད”ཅེས་སེམས་འགུལ་ཐེབས་བཞིན་གསར་འགོད་པར་བཤད།
ཝང་ཡུང་ཀྲུང་གིས“ང་རང་ཆབ་མདོར་སླེབས་ནས་ལོ་33འགྲོ་གི་འདུག འདི་ག་རང་ཉིད་ཀྱི་ཕ་ཡུལ་དུ་བརྩི་ཡི་ཡོད། བོད་རིགས་སྤུན་ཟླ་ཚོས་དུས་རྒྱུན་ནས་ང་ཚོར་ཡག་པོ་བྱེད་ཀྱི་ཡོད། ངའི་ཁྱིམ་གྱི་ཆུ་ཚང་མ་སྡེ་ཁུལ་ཡུལ་མི་ཨུ་ལྷན་གྱི་ཀྲུའུ་རེན་འཕགས་པའི་ཁྱིམ་ནས་ལེན་གྱི་ཡོད་ཁོང་གིས་ཆུ་རིན་སྐར་ལི་ཙམ་ཡང་ལེན་མྱོང་མེད། ངས་བཀའ་དྲིན་འཇལ་འོས་པ་ཞིག་ཡིན། མི་རིགས་མཐུན་སྒྲིལ་བྱུང་ན་ང་ཚོའི་འཚོ་བ་གཞི་ནས་སྔར་བས་བདེ་སྐྱིད་ལྡན་པ་ཡོང་སྲིད”ཅེས་གསར་འགོད་པར་བཤད།