དབུ་ཤོག>གསར་འགྱུར།
  • འབྱོར་འབྲིང་དཔེ་སྟོན་གྱིས་མཐའ་མཚམས་མི་སེར་གྱི་བདེ་སྐྱིད་དབྱངས་རྟ་དཀྲོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-11-25

    མག་མང་མོན་པ་མི་རིགས་ཤང་ནི་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ཀྱི་ཤང་ཆུང་ངུ་ཞིག་ཡིན་པ་སྟེ་དེ་གར་སྲིད་འཛིན་གྲོང་ཚོ་མག་མང་གྲོང་ཚོ་གཅིག་པུ་ལས་མེད་ཅིང་། དུད་ཚང་66གི་མི་གྲངས་162ཀྱིས་སྤྱི་ལེ་ངོས་གྲུ་82.7བརྟན་སྲུང་བྱེད་བཞིན་ཡོད་པ་རེད།

    ཏང་གི་སྣེ་ཁྲིད་འོག་ཤང་དེ་ཡོངས་ཀྱི་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པ”དང“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན”པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་མང་ཚོགས་དུད་ཚང་66གི་ནང་ནས་དུད་ཚང་51གིས“ཞིང་ཁྱིམ་སྤྲོ་སྐྱིད་ཁང”གཉེར་བ་དང་། “ཡུལ་སྐོར་ཡོང་འབབ”བསགས་ནས“འབྱོར་ཕྱུག་གི་ལམ”དུ་བསྐྱོད་དེ་སྤྲོ་སྐྱིད་ཀྱི་འཚོ་བ་གསར་པར་རོལ་བ་མ་ཟད། ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང“དཔེ་སྟོན་ལམ”དུ་སྐྱོད་ཐུབ་པ་བྱུང་བ་རེད།

    རང་སྟོབས་རང་སྤེལ་དང་ལས་ལ་བརྩོན་པའི་ལག་ཟུང་གིས་འབྱོར་འབྲིང་ཁྱིམ་གཞིས་བསྐྲུན་པ།

    “མོན་ཡུལ་དུ་སྔར་ནས་བཟུང་ལག་རྩལ་པ་ཐོན་གྱི་ཡོད”ལོ་འཁོར་མོ་ཡུག་ཏུ་རི་སུལ་དུ་གནས་བཅས་པས་དེ་གར་མོན་པའི་བུ་རབས་ཚ་རྒྱུད་འཚར་ལོངས་བྱུང་བ་དང་། རྩལ་ནུས་འཛོམས་པའི་ལག་རྩལ་པ་མང་པོ་སྐྱེད་སྲིང་ཡང་བྱས་ཡོད་པ་སྟེ། མོན་པའི་འཁེལ་འཐག་སྐད་གྲགས་ཆོད་པ་དང་མོན་པའི་ཤིང་ཕོར་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ་སོགས་ལྟ་བུ་རེད།

    ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་ཡུལ་དེ་གའི་མང་ཚོགས་ཀྱིས་སྒུག་བརྟེན་མི་བྱེད་པར་རང་སྟོབས་རང་སྤེལ་གྱིས་ཕ་ཡུལ་དང་མི་བྲལ་བར་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་འབྱོར་འབྲིང་ཁྱིམ་གཞིས་བསྐྲུན་པ་རེད།

    ད་ལོ་ལོ་69སླེབས་པའི་མག་མང་གྲོང་ཚོའི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་དབང་འདུས་ནི་ཡུལ་དེ་གའི་ཤིང་ཕོར་བཟོ་མཁན་ཕུལ་དུ་བྱུང་བ་ཞིག་ཡིན་པ་དང་། མ་གཞི་རང་ཉིད་ལོ་བདུན་ཅུ་ཟིན་གྲབས་ཡོད་ནའང་ད་དུང་ལས་ལ་གཞོལ་བཞིན་མཆིས།

    བགྲེས་སོང་སྐལ་བཟང་དབང་འདུས་ཀྱིས། ངའི་དགེ་རྒན་བཀའ་དྲིན་ཅན་སྐལ་དཔལ་གྱི་ཕ་ཡུལ་ནི་རྒྱ་ཚ་རྫོང་ཡིན་ནའང་། དུས་རབས་གོང་མའི་ལོ་རབས་50པར་རྟ་དབང་ས་ཆ་ནས་ཕ་ཡུལ་དུ་གཉེན་འཕྲད་པར་འགྲོ་སྐབས་མག་མང་གྲོང་ཚོ་བརྒྱུད་དུས་ཡུལ་མི་རྣམས་ལ་ཕོར་པ་བཟོ་སྟངས་བསླབས་བྱུང་ཞེས་གསར་འགོད་པར་བཤད།

    ཤིང་ཕོར་བཟོ་བའི་ལག་རྩལ་ལ་བརྟེན་ནས་བགྲེས་སོང་སྐལ་བཟང་དབང་འདུས་ཀྱིས་ལོ་རེར་ཁྱིམ་དུ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་2ཙམ་གསོག་ཐུབ་ཀྱི་ཡོད་པ་དང་། དེ་མིན་བགྲེས་སོང་ལ་ཟླ་རེར་ད་དུང་ལས་འཁྱུར་ངལ་གསོའི་གླ་ཆ་སྒོར་3100ཡོད་པ་རེད།

    སྔོན་ཆད་སྨྱུག་བསླས་ནི་ཡུལ་དེའི་མང་ཚོགས་ཀྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་རེད། སྨྱུག་སྣོད་དར་སོ་ཆེ་ཤོས་ཀྱི་སྐབས། ཡུལ་དེའི་སྨྱུག་བསླས་ལས་སྣོན་མཉམ་ལས་ཁང་ལ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགེ་ཕྲུག་མང་པོ་བསྡུས་པ་དང་། ཚང་མ་ཡིད་སྨོན་སྐྱེ་དགོས་པ་ཞིག་ཡོད།

    ད་ལོ་ལོ་68ལ་སླེབས་པའི་སྐལ་བཟང་ནོར་བུ་ནི་1972ལོར་མཚོ་སྣ་རྫོང་སྦྱོར་ར་ཤང་སྦྱོར་ར་གྲོང་ཚོ་ནས་གནས་འདིར་ཡོང་སྟེ་དགེ་ཕྲུག་བྱས་ཤིང་གཞིས་ཆགས་པ་མ་ཟད། སྨྱུག་བསླས་ལས་ལ་གཞོལ་ཡོད། “སྨྱུག་སྣོད་དར་སོ་ཆེ་ཤོས་ཀྱི་སྐབས། ང་ཚོར་ལོ་གཅིག་ལ་གླ་ཆ་སྒོར་སུམ་སྟོང་བཞི་སྟོང་ཙམ་ཡོད། དེ་དུས་ལས་བྱེད་པ་དཀྱུས་མའི་གླ་ཆ་ལོ་གཅིག་ལ་སྒོར་བརྒྱ་ཕྲག་ཙམ་ལས་མེད”ཅེས་སྐལ་བཟང་ནོར་བུས་སྤོབས་པ་དང་བཅས་གསར་འགོད་པར་བརྗོད་བྱུང་།

    འབྱོར་འབྲིང་དཔེ་སྟོན་ལ་བརྟེན་ནས་ཐུན་མོང་ཕྱུག་པོ་ཆགས་པའི་ལམ་དུ་གཅིག་ཀྱང་ལུས་མི་རུང་།

    ཏང་དང་སྲིད་གཞུང་གིས་མཛུབ་ཁྲིད་བྱས་ཤིང་། 2014ལོར་མག་མང་མོན་པ་མི་རིགས་ཤང་དེ་ལྷོ་ཁ་གྲོང་ཁྱེར་གྱིས་གཙོ་གནད་ཐོག་འཛུགས་སྐྲུན་བྱེད་དགོས་པའི་འབྱོར་འབྲིང་དཔེ་སྟོན་བྱ་ཡུལ་གསུམ་གྱི་གྲས་སུ་བཅུག་པ་དང་། དེ་ཉིད་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་ས་ཚིགས་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་དཔེ་སྟོན་ཁུལ། མོན་པའི་རིག་གནས་འགྲེམས་སྟོན་ཁུལ། མི་འབོར་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ། ཁྱད་ལྡན་སྣོད་བཅུད་ཡུལ་སྐོར་གྱི་གྲོང་རྡལ་ཆུང་ངུ་བཅས་སུ་བསྐྲུན་པ་མ་ཟད། མ་དངུལ་ཁྱོན་སྒོར་ཁྲི་8858བཏང་བའི་ནང་། བོད་སྐྱོར་མ་དངུལ་སྒོར་ཁྲི་992དང་མང་ཚོགས་ཀྱི་རང་གྲབས་མ་དངུལ་སྒོར་ཁྲི་516ཚུད་ཡོད་པ་རེད།

    མོན་པའི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཐོག་བརྩེགས་ཅན་གྱི་ཁང་པ་བརྒྱབ་པ་དང་། ཡུལ་སྐོར་བའི་སྣེ་ལེན་ལྟེ་གནས་དང་། པིན་ཅང་ལམ་ཆེན། རིག་གནས་ཐང་ཆེན་བཅས་བསྐྲུན་ཁར་ཟམ་པ་བརྒྱབ་པ་དང་གློག་སྒྲོན་བསྒར་བ་སོགས་བྱས་པས་སྔོ་ལྗང་མཛེས་ལྗོངས་ཁུལ་གྱི་གྲོང་རྡལ་ཆུང་ངུ་ཞིག་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཡོད།

    “ཞིང་ཁྱིམ་སྤྲོ་སྐྱིད་ཁང”གཉེར་བ་དང“ཡུལ་སྐོར་ཡོང་འབབ”གསོག་པའི་ལམ་བུ་བདམས་ཤིང་། “དངུལ་མང་ཆེ་བ་རྒྱལ་ཁབ་ཀྱིས་གཏོང་བ་དང་མང་ཚོགས་ཀྱིས་དངུལ་སུམ་ཆ་གཅིག་བཏང་ན་འགྲིག འོན་ཀྱང་ཐོག་མའི་དུས་སུ་མང་ཚོགས་ཀྱིས་མོས་མཐུན་བྱས་མེད”ཅེས་མག་མང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཅིག་ལྕོགས་ཚེ་རིང་གིས་བརྗོད།

    “མང་ཚོགས་ཀྱི་མོས་མཐུན་མ་ཐོབ་པའི་ཐོག་ནས་ང་ཚོའི་ལས་ཀ་དོན་ཐོག་ཏུ་འཁྱོལ་མེད་པ་མཚོན”ལམ་སེང་ཤང་དང་གྲོང་ཚོའི་ལས་བྱེད་པ་མཉམ་དུ་མང་ཚོགས་ཀྱི་སྒོ་རྩ་དང་མི་སེར་གྱི་ཁྱིམ་དུ་བསྐྱོད་ནས་གནས་ལུགས་ཤོད་པ་དང་། འཕེལ་རྒྱས་དང་། འབྱུང་འགྱུར་སྐོར་ལ་ཁ་ཏ་བསླབ་བྱ་བྱས་པ་དང་། ཁྱིམ་ནས་དངོས་འབྲེལ་དངུལ་འདོན་མི་ཐུབ་པའི་རིགས་ལ་མག་མང་མོན་པ་མི་རིགས་ཤང་གི་ཏང་ཡོན་ལས་བྱེད་པས་རང་འགུལ་ངང་ཁག་ཐེག་བྱས་ཏེ་ཁོ་ཚོར་དངུལ་བུན་གཡར་རོགས་བྱས་པ་རེད།

    “དབུལ་བུན་སྒོར་ཁྲི་5སྔ་ས་ནས་འཇལ་ཚར། ད་ཆ་ཚང་མས་སླར་ཡང་དངུལ་བུན་གཡར་ནས་དོན་དག་གཞན་ཞིག་བསྒྲུབ་རྒྱུའི་འཆར་འགོད་བྱེད་ཀྱི་ཡོད”ཅེས་མག་མང་གྲོང་ཚོའི་དུད་ཚང་དབུལ་པོ་བསོད་ནམས་ཆོས་སྒྲོན་གྱིས་དེ་སྔ་རང་ཉིད་ཀྱིས་བསམ་བློ་མ་འཁོར་བར་གནོང་འགྱོད་བྱེད་ཀྱི་ཡོད་ཅིང་། ཁོང་གིས“ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་བཟང་པོ་འདི་འདྲ་མེད་ན། ང་ཚོའི་ཁྱིམ་དབུལ་ཕོངས་གནས་ལས་སྒྲོལ་མི་སྲིད”ཅེས་བཤད།

    བསོད་ནམས་ཆོས་སྒྲོན་གྱིས། ཁྱིམ་ཚང་འགྲུལ་ཁང་གཉེར་ནས་ལོ་གཅིག་རིང་རང་ཁྱིམ་ལ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་2ཡོང་གི་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    “ད་ཆ་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་སྐྱོང་བྱེད་ཡག་ཤོས་ནི་ཁྱེད་ཚོ་སྡོད་སའི་རི་གྲོང་མཛེས་ཤོས་ཀྱི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་ཞེས་པ་དེ་རེད”ཅེས་ཚེ་རིང་གིས་གསར་འགོད་པར་ངོ་སྤྲོད་བྱས།

    རི་གྲོང་མཛེས་ཤོས་ཀྱི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་མཁན་ནི་སྒྲོལ་མ་རེད། ཁོང་ཁྱིམ་གྱི་ཐོག་སོ་དང་པོ་ཇ་ཁང་དང་། ཐོག་སོ་གཉིས་པ་དང་གསུམ་པ་ནི་མགྲོན་ཁང་ཡིན་པས་ཚོང་ཧ་ཅང་ཡག་པོ་འདུག “ཁྱོན་ཁང་མིག་15ཡོད་པའི་ནང་མགྲོན་ཁང་ཁང་མིག་7ཡོད། མགྲོན་པོ་མང་དུས་ཁང་མིག་རེའི་རིན་གོང་སྒོར་200ཡས་མས་དང་། མགྲོན་པོ་ཉུང་དུས་ཁང་མིག་རེར་སྒོར་100རེ་རེད”ཅེས་སྒྲོལ་མས་གསར་འགོད་པར་བཤད་ཅིང་། ཁོང་གིས“ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་ན་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་6ལྷག་ཡོད་པའི་ཐོག་ཇ་ཁང་གཉེར་བར་སྒོར་ཁྲི་4ལྷག་ཡོད་པ་བསྣན་ཚེ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་10ལྷག་འདུག”ཅེས་གསར་འགོད་པར་བཤད་བྱུང་།

    མག་མང་མོན་པ་མི་རིགས་ཤང་གི་ཤང་ཀྲང་པད་མ་དབྱངས་ཅན་གྱིས“ད་ཆ། མག་མང་གྲོང་ཚོའི་མང་ཚོགས་དུད་ཚང་66ནང་ནས་དུད་ཚང་51གིས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་ཡོད་པར་དུད་ཚང་7གྱིས་ཟ་ཁང་གཉེར་བ་དང་། དུད་ཚང་5ཡིས་ཚོང་ཁང་གཉེར་བ། དུད་ཚང་5ཡིས་ཇ་ཁང་གཉེར་བ། དུད་ཚང་7གྱིས་མི་རིགས་ཀྱི་ཁྱད་ལྡན་ཐོན་ལས་འཚོང་གི་ཡོད། 2016ལོར། ཡུལ་སྐོར་བ་མི་ཐེངས་6372ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་86.145ཟིན་ནས་དུས་མཚུངས་ལས་200%འཕར་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

    བོད་སྐྱོར་བརྩེ་སེམས་ལས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལེའུ་གསར་པ་ཐུན་མོང་ཐོག་བརྩམས་པ།

    སློབ་གྲྭ་གཅིག་དང་ཇ་ར་གཅིག་སོགས་ལ་རྒྱ་བོད་དབར་གྱི་མཛའ་གྲོགས་ཟབ་མོ་འདུས་ཡོད། ཨན་ཧུའེ་ཞིང་ཆེན་གྱི་རོགས་སྐྱོར་འོག མག་མང་ཤང་གི“འབྱོར་འབྲིང་ལམ་བུ”ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་བཞིན་ཡོད།

    ཉེ་ཆར། གསར་འགོད་པ་མཚོ་སྣ་རྫོང་མག་མང་མོན་པ་མི་རིགས་ཤང་སློབ་ཆུང་དུ་བསྐྱོད་སྐབས་གཟའ་མཇུག་ཡིན་ནའང་སློབ་གྲྭའི་ཨར་སྐྲུན་ལས་ཡུལ་དུ་བྲེལ་བརྩོན་ཆེན་པོ་ཡོད་པ་དང་། ཨར་སྐྲུན་མི་སྣས་ལས་ཀ་འཕར་མ་བྱས་ཏེ་མཐའ་མཚམས་ཞིང་འབྲོག་པའི་བུ་ཕྲུག་ཚང་མ་འབྱོར་འབྲིང་གི་འཚོ་བ་སྐྱེལ་ཐུབ་པ་དང་སློབ་གསོའི་ཐོན་ཁུངས་དེ་བས་ལེགས་པ་ལོངས་སྤྱོད་ཐུབ་པའི་བརྩོན་ལེན་བྱེད་བཞིན་འདུག “སྐྲུན་བཞིན་པའི་ལུས་རྩལ་ཐང་དང་སློབ་མའི་བྱེད་སྒོ་ཁང་ཚང་མ་ཨན་ཧུའེ་ཞིང་ཆེན་ནས་རོགས་སྐྲུན་བྱས་པ་ཞིག་རེད”ཅེས་སློབ་གྲྭ་དེའི་སློབ་སྤྱི་བསྟན་འཛིན་གྱིས་ངོ་སྤྲོད་བྱས།

    མག་མང་མོན་པ་མི་རིགས་ཤང་སློབ་ཆུང་ནི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ཞིག་ཡིན་ཞིང་། ཉེ་འཁོར་གྱི་སྐྱིད་པ་མོན་པ་མི་རིགས་ཤང་དང་། ཀོང་རི་མོན་པ་མི་རིགས་ཤང་། སླད་མོན་པ་མི་རིགས་ཤང་བཅས་ཀྱི་སློབ་ལོ་ལོན་པའི་བྱིས་པ་ཚང་མ་དེ་གར་སློབ་གྲྭར་ཡོང་གི་ཡོད། སློབ་གྲྭར་ཆེད་བསྐོས་དགེ་རྒན་9ཡོད་པ་དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་43ཡོད་པའི་ནང་སློབ་ཆུང་སློབ་མ་27དང་། སློབ་ཞུགས་གོང་གི་སློབ་མ་8 བུ་བཅོལ་འཛིན་གྲྭར་བྱིས་པ་8བཅས་ཡོད་པ་རེད།

    ཨན་ཧུའེ་ཞིང་ཆེན་གྱི་རོགས་སྐྱོར་འོག འདི་ལོ་ཚེ་རིང་ཨན་ཧུའེ་ཞིང་ཆེན་ཧོང་ཧྲན་གྲོང་ཁྱེར་དུ་ཇ་རའི་གཉེར་སྐྱོང་དོ་དམ་གྱི་གསོ་སྦྱོང་ནང་ཞུགས་པ་རེད། “ཁོང་ཚོའི་དོ་དམ་ཧ་ཅང་སྔོན་ཐོན་ཡིན་པས་ངར་ཕན་པ་མི་ཉུང་བ་ཞིག་ཐོབ་བྱུང་། ཇ་ཤིང་ལ་རྒྱུན་གཏན་གྱི་གཡོག་བྱེད་བྱེད་པ་ནས་ཇ་ཐོན་སྐྱེད་དང་། ཇ་འཚོང་བ། ཇ་འཐུང་བ་སོགས་ཚང་མར་དང་དོད་ཆེན་པོ་འདུག གསོ་སྦྱོང་ནང་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ཡོད་པ་མ་ཟད། ད་དུང་ཡུལ་དངོས་སུ་ལྟ་སྐོར་བྱ་རྒྱུའང་ཡོད་པ་དང་། དེ་མིན་ཇ་སྦོང་སྟངས་དང་འཐུང་སྟངས་སོགས་ཇའི་རིག་གནས་དམར་ཁྲིད་བྱེད་པ་དེ་དག་ཚང་མ་ཧ་ཅང་གཏིང་ཟབ་པོ་འདུག”ཅེས་ཚེ་རིང་གིས་གསར་འགོད་པར་ངོ་སྤྲོད་བྱས།

    ཚེ་རིང་གིས་དུས་ཡུན་ཉིན་49ཡི་གསོ་སྦྱོང་ནང་དོན་ཕུན་སུམ་ཚོགས་པ་དང་བྱ་ཐབས་སྟབས་བསྟུན་ཞིག་ཡོད་པས་ཧ་ཅང་སྤྲོ་སྣང་ལྡན་པ་ཞིག་བྱུང་། སླད་ཕྱིན་དེ་ལྟ་བུའི་གསོ་སྦྱོང་མང་ཙམ་སྤེལ་ནས་གྲོང་ཚོའི་ནང་གི་མང་ཚོགས་དེ་བས་མང་བ་ཕྱི་ཕྱོགས་སུ་བསྐྱོད་དེ་མཐོང་རྒྱ་ཆེ་རུ་འགྲོ་བ་དང་ཉམས་མྱོང་ཕུན་སུམ་ཚོགས་སུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    གླེང་མོལ་མཇུག་འགྲིལ་རྗེས་ཁོང་གིས་གསར་འགོད་པ་མག་མང་གྲོང་ཚོའི་ཇ་རར་འཁྲིད་བྱུང་། ཚེ་རིང་གིས་སྔོ་ཐིང་ཐིང་གི་ཇ་རར་ལྟ་བཞིན་མྱོང་ཚོར་ཟབ་མོས“འདི་དག་ནི་ཧོང་ཧྲན་ནས་ནང་འདྲེན་བྱས་པའི་སྔོ་ཇ་དང་པོ་ཞེས་པ་དེ་ཡིན། ཁོང་ཚོས་ཇ་ལོ་འདི་ས་བབ་མཐོ་ཚད་སྨི་2000ཡས་མས་ཀྱི་ས་མཐོར་འདེབས་རྒྱུར་ཧ་ཅང་འཚམ་པོ་ཡོད་ཅེས་ཤོད་ཀྱི་འདུག ཚད་ལེན་ཞིབ་རྩིས་བྱས་པ་བརྒྱུད་ང་ཚོའི་འདི་གར་བཏབ་པའི་ཇ་ལོར་ཏོའོ་ཧྥེན་ལྡན་ཚད་ནང་སའི་ཇ་ལོ་ལས་ལྡབ་འགའ་ཤས་ཀྱིས་མཐོ་བ་འདུག”ཅེས་བཤད་བྱུང་།

    ཚེ་རིང་གིས་གསར་འགོད་པར་སླད་མོན་པ་མི་རིགས་ཤང་གི་ཇ་རའི་ཇ་པ་ཏི་རྒྱ་མ་གང་ལ་སྒོར་1850དང་སྔོ་ཇ་རྒྱ་མ་གང་ལ་སྒོར་1650བྱས་ཏེ་འཚོང་གི་ཡོད། ང་ཚོས་ཇ་པ་ཏི་དང་སྔོ་ཇ་གཉིས་ཀ་བཏབ་པར་མུའུ་352ཟིན་གྱི་ཡོད། ད་དུང་འདེབས་ཁྱོན་སྔར་བས་ཆེ་རུ་གཏོང་རྩིས་ཡོད་ཅེས་ཤོད་བཞིན་ཇ་ཤིང་རྣམས་དཔག་བསམ་ཤིང་ལ་གྱུར་ཟིན་པ་ལྟར་ཚེ་རིང་གི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།