ལྷ་ས་གྲོང་ཁྱེར་གྱིས་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་མི་རིགས་ལས་དོན་གྱི་བརྗོད་དོན་གཙོ་བོར་དམིགས་པ་དང་། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོར་འཛུགས་པ། མི་རིགས་མཐུན་སྒྲིལ་ཡོང་བ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩར་བརྩིས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ནང་བཅུག་སྟེ་ཐོག་མ་ཉིད་ནས་བཀོད་སྒྲིག་དང་མཐོ་གནས་ནས་སྐུལ་འདེད་བཏང་ནས་ལྷ་སའི་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གསར་པ་སྔར་བས་བཏོད་ཡོད་པ་རེད།
བརྗོད་དོན་གཙོ་བོ་གསར་གཏོད་དང་ལག་ལེན་དངོས་ཕུན་སུམ་ཚོགས་སུ་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ནང་དོན་ཟབ་ཏུ་བཏང་བ།
རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་གཏན་ལ་ཕབ་པའི“དྲུག་སྤེལ”འདུ་འགོད་ལ་དམ་འཛིན་ནན་ཏན་བྱེད་པའི་རྨང་གཞིའི་ཐོག ལྷ་ས་གྲོང་ཁྱེར་གྱིས“གུང་ཁྲན་ཏང་ཡོན་གྱི་མི་རིགས་མཐུན་སྒྲིལ་གྱི་གདོང་ལེན་པའི་བྱ་སྤྱོད་བྱེད་སྒོ”ནང་དོན་གལ་ཆེན་ལ་བརྩིས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་ལས་ཁུངས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་བ་དང་། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་ཀྱི་རིག་གནས་གོང་མཐོར་གཏོང་རྒྱུ”ནང་དོན་གལ་ཆེན་ལ་བརྩིས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་ཁེ་ལས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་བ། “ཁྱིམ་ཚང་གཅིག་ལྟར་མཐུན་ཞིང་བརྩེ་ལ། མཉམ་དུ་ཞི་མཐུན་གཏོད་རྒྱུ”ནང་དོན་གལ་ཆེན་ལ་བརྩིས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་སྡེ་ཁུལ(སྲང་ལམ)དུ་སྤེལ་རྒྱུར་སྐུལ་འདེད་བཏང་བ། དེ་བཞིན“གསུམ་སྤེལ་དང་། གསུམ་མཐུན། གཅིག་བྱས་པ་གསུམ”བཅས་ཀྱི་བྱེད་སྒོ་ནང་དོན་གལ་ཆེན་ལ་བརྩིས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་གྲོང་གསེབ་ཏུ་སྤེལ་རྒྱུར་སྐུལ་འདེད་བཏང་བ། “རྒྱལ་གཅེས་ཁྲིམས་སྲུང་གི་གྲྭ་བཙུན་བྱས་ནས་ཞི་མཐུན་དཔེ་བཟང་གི་དགོན་སྡེ་གཏོད་པའི”བྱེད་སྒོ་ནང་དོན་གལ་ཆེན་ལ་བརྩིས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་དགོན་སྡེར་སྤེལ་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་སྒོ་སྣ་མང་སྤེལ་བ་རེད།
འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་འཚོ་ལེགས་སུ་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་རྨང་རྡོ་བརྟན་དུ་བཏང་བ།
ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་སྔོན་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང“མཛེས་སྡུག་ལྡན་པའི་ཁྱིམ་གཞིས་དང་བདེ་སྐྱིད་ལྡན་པའི་ལྷ་ས”འཛུགས་སྐྲུན་བྱ་རྒྱུ་དམིགས་ཚད་དུ་བྱས་ཏེ། བཏུང་བྱ་དང་། བཟའ་བཅའ། སྨན་རྫས། རྒྱན་ཆ་བཅས་ཐོན་རྫས་གཙོ་བོར་བྱས་པའི་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་བཏང་ནས“ལྷ་སའི་ས་གཙང”ས་ཁོངས་སྤྱི་སྤྱོད་སྤུས་རྟགས་ཀྱི་ཡིད་དབང་འཕྲོག་ཤུགས་སྔར་བས་ཆེ་རུ་བཏང་བ་དང་། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་ཀྲུང་གོའི་བོད་རིགས་ཀྱི་རིག་གནས་ཡུལ་སྐོར་གསར་གཏོད་གླིང་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་བྱ་རྒྱུར་གོམ་པ་བརྟན་པོ་སྤོས་ཡོད། ས་མཐོའི་ཞིང་འབྲོག་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཞིང་ཚད་གཞི་ཅན་གྱི་ཐོན་སྐྱེད་དང་ཐོན་མཐོ་གཏོད་པའི་དཔེ་སྟོན་ཞིང་ཁ་མུའུ་ཁྲི་88འཛུགས་སྐྲུན་བྱས་པ་དང་། ཞིང་ལས་སྐྱེ་དངོས་གཙོ་བོའི་སོན་བཟང་ཁྱབ་ཚད་95.3%ཟིན་པ་མ་ཟད། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་684ཟིན་པ། ཞིང་འབྲོག་པ་ཁྲི་6.94ཡི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་བྱུང་བ་རེད།
ཁྱད་ཆོས་འབུར་ཐོན་དང་ཕྱོགས་སྟོན་ཡག་པོ་བཏོད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་ཡག་པོ་བཏོད་པ།
ལྷ་ས་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་བརྒྱུད་རིམ་ཁྲོད་ལྷ་སའི་དོན་དངོས་དང་ཟུང་འབྲེལ་བྱས་པ་དང་། རྒྱལ་ཡོངས་ཀྱི་ལྟེ་བའི་གྲོང་ཁྱེར་གཞན་དག་གི་སྔོན་ཚུད་ནས《ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲོལ་ཡིག》བཟོས་པ་དང་། ལོ་ལྟར་གྱི་ཟླ་9ཚེས་17ཉིན་ལྷ་ས་གྲོང་ཁྱེར་གྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་དུས་ཆེན”ལ་གཏན་འཁེལ་བྱས་ནས“ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བ”དང་མི་རིགས་མཐུན་སྒྲིལ་སློབ་གསོའི་ཁྲིམས་སྐྱོང་ཅན་གྱི་སྲིད་ལོའི་རྩིས་འགོ་གསར་པ་ཞིག་ཕྱེ་བ་རེད། ལྷ་ས་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འགྲེམས་སྟོན་ཚོམས་ཆེན་ཆེད་མངགས་བཙུགས་པ་དང་། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་གསལ་བརྡ་དང་ཤོག་ཕོར་སོགས་དྲིལ་བསྒྲགས་ཐོན་རྫས་བཟོ་བ། གྲོང་ཁྱེར་སྒྲིག་བཀོད་ཀྱི་མངོན་གསལ་དོད་སར་འཕྲེད་འགེལ་སྦྱར་ཡིག་འགེལ་བ། བོགས་གཏོང་རླངས་འཁོར་གྱི་སྟེང་སྒྲོན་དང་། སྤྱི་སྤྱོད་རླངས་འཁོར་གྱི་འཆར་ཡོལ། LEDའཆར་ཡོལ་བཅས་སྤྱད་དེ་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཡོད་བརྙན་ལམ་དང་དྲིལ་བསྒྲགས་འབོད་ཚིག་ཡང་ཡང་བསྟན་ཞིང་། 《བོད་ལྗོངས་ཉིན་རེའི་ཚགས་པར》དང《ལྷ་ས་ཉིན་རེའི་ཚགས་པར》སོགས་སྨྱན་སྦྱོར་བརྒྱུད་མཐོང་ཚོར་མང་པོ་དང་། ཁྱབ་ཁོངས་མང་པོ། ཕྱོགས་གནས་ཡོངས་བཅས་ཀྱི་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་དྲིལ་བསྒྲགས་གནས་ཚུལ་སྤེལ་ཡོད་པ་རེད།