དབུ་ཤོག>གསར་འགྱུར།
  • རྒན་བཀུར་གཞོན་གཅེས་ཀྱིས་ཤེས་དཔལ་ལ་སྣང་ཆེན་བྱེད། ནང་མིར་ལྟ་རྟོག་བྱས་ནས་འཚོ་བར་དགའ་ཞེན་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-11-10

    རིན་ཆེན་མཚོ་མོ་ནི་ཆབ་མདོ་གྲོང་ཁྱེར་བུ་བཅོལ་ཁང་དང་པོའི་དགེ་རྒན་དཀྱུས་མ་ཞིག་རེད།

    ཁོང་གིས་རང་གི་བཟའ་ཟླར་ལོ་བཅུ་གྲངས་ཁ་ཤས་ཉིན་གཅིག་ལྟར་དཀའ་སྡུག་མཉམ་མྱོང་བྱེད་པའི་བྱ་སྤྱོད་ལས། “གནམ་འོག་ཏུ་སྙིང་ཉེའི་ཁྱོ་ཤུག་ཅིག་བྱེད་པ་དང་། ས་སྟེང་དུ་ཡན་ལག་འབྲེལ་བའི་ལྕུག་ཕྲན་ཞིག”བྱེད་པའི་ཟོལ་མེད་ཀྱི་བརྩེ་སེམས་མཚོན།

    ཁོང་གིས་རང་གི་སྒྱུག་མོར་བསྙེན་བཀུར་གང་ལེགས་ཞུ་བ་ལས་རྒན་རབས་ལ་བཀུར་བའི་ཀྲུང་ཧྭའི་སྲོལ་བཟང་གང་ལེགས་མངོན།

    རིན་ཆེན་མཚོ་མོའི་བཟའ་ཟླ་ཧུའུ་ཧྲེང་ཀོང་1992ལོར་ཁུན་མིང་སྐམ་དམག་སློབ་གླིང་ནས་ཐོན་པ་དང་། སློབ་གྲྭ་ཆེ་མོ་ཐོན་མ་ཐག་པའི་ཧུའུ་ཧྲེང་ཀོང་གིས་གཟི་བརྗིད་དང་དད་སེམས་ལ་བརྟེན་ནས་དམག་མིར་ཞུགས་པ་དང་། མཐའ་མཚམས་སྲུང་བ་ནི་དཀའ་ཚེགས་ཆེ་ཤོས་ཀྱི་ས་ཆར་བསྐྱོད་ནས་སྦྱོང་བརྡར་བྱེད་པ་ཞིག་རེད་སྙམ་ནས་རྫ་ཡུལ་རྫོང་དུ་བཅའ་སྡོད་དམག་དཔུང་ལ་ཞུགས། མཐའ་སྲུང་ལས་གནས་ཐོག་ཁོང་གིས་ལོ་མང་རིང་སྐད་གྲགས་མེད་པར་ལས་གནས་བརྟན་པོར་བསྲུངས།

    ལེན་ཏུའེ་རུ་འཐུང་ཆུ་ཧ་ཅང་དཀོན་པར་བརྟེན་རྟག་ཏུ་ཆུ་ཡུར་ཉམས་བཟོ་དང་སྐོར་གཡེང་ལ་སྐྱོད་དགོས་ཀྱི་ཡོད། ཧུའུ་ཧྲེང་ཀོང་གནས་སར་བཞའ་ཚན་ཧ་ཅང་ཆེ་བ་དང་ལོ་ཁ་ཤས་ཉིན་གཅིག་ལྟར་འབད་འཐབ་བྱེད་དགོས་པས་ཁོང་ལ་གྲུམ་ནད་ཕོག་པ་དང་བཟོད་བསྲན་མི་ཐུབ་པའི་མཚམས་སུ་གཟེར་འཇོམས་སྨན་བཏང་ནས་ན་ཟུག་ཆུང་དུ་གཏོང་ཐབས་བྱེད་ཀྱི་ཡོད།

    2001ལོར་ཧུའུ་ཧྲེང་ཀོང་གི་ནད་གཞི་ལྕི་རུ་ཕྱིན་པ་མ་ཟད། རྐང་པ་གཡས་པ་རྩ་བ་ནས་འགུལ་མི་ཐུབ་པར་གྱུར་ཏེ་འཁར་རྒྱུག་ལ་བརྟེན་ནས་གོམ་པ་རེ་གཉིས་ཨུ་ཚུགས་ངང་སྤོ་ཐབས་བྱེད་ཀྱི་ཡོད། ཁྱོ་ག་ན་ཟུག་གིས་མནར་ནས་བཟོད་དཀའ་བ་མཐོང་སྐབས་ཆུང་མ་རིན་ཆེན་མཚོ་མོ་སེམས་ཁྲལ་ཧ་ཅང་ཆེན་པོ་ལངས་ལ་སེམས་སྡུག་ཀྱང་ཆེན་པོ་སྐྱེས།

    བཟའ་ཟླའི་ན་ཟུག་ཆུང་དུ་ཕྲན་བུ་གཏོང་ཆེད། རིན་ཆེན་མཚོ་མོས་དཔྱད་གཞིའི་ཡིག་རིགས་མང་པོ་ལྟ་བ་དང་འཕུར་མཉེད་གཏོང་སྟངས་སློབ་སྦྱོང་བྱས་ནས་ཁྱོ་གར་འཕུར་མཉེད་གཏོང་བ་དང་། ཉིན་མོ་ལས་བྲེལ་ཇི་ཙམ་ཆེ་ཡང་མཚན་མོ་སྔར་བཞིན་ཁྱོ་གའི་འགྲམ་དུ་ཆུ་ཚོད་ཁ་ཤས་སྡོད་པ་དང་ཐ་ན་ནམ་མ་ལངས་བར་སྡོད་ཀྱི་ཡོད། ཉིན་གཉིས་པར་མུ་མཐུད་ལས་ཀར་སྐྱོད་པ་དང་། ཕྲུ་གུ་སློབ་གྲྭར་སྐྱེལ་བ། ལོ་ན་རྒས་པའི་སྒྱུག་མོར་ལྟ་རྟོག་བྱེད་དགོས་པ་བཅས་ཁྱིམ་གྱི་དོན་དག་ཆེ་ཆུང་ཚང་མར་སེམས་ཁྲལ་བྱེད་དགོས་ཀྱི་ཡོད།

    ཁྱིམ་དུ་ཁྱོ་གར་ལྟ་རྟོག་བྱེད་དགོས་ལ་ཕྲུ་གུར་ཡང་ཁོང་གིས་སློབ་གསོ་གཏོང་དགོས་ཀྱི་ཡོད། སློབ་གྲྭར་རིན་ཆེན་མཚོ་མོས་སློབ་མའི་སློབ་གསོའི་ལས་དོན་གྱི་འགན་འཁུར་གྱི་ཡོད་པས། ཁོང་ལ་དཀའ་ངལ་ཆེན་པོ་ཕྲད་ནའང་ཕྲུ་གུ་རྣམས་ཀྱི་སྐོམ་པ་ཆུ་འདོད་ལྟར་གྱི་ཤེས་བྱ་སྦྱོང་འདོད་ཀྱི་མིག་ཟུང་དང་ལོ་བཅུ་གྲངས་ཁ་ཤས་ཏང་གིས་རང་ཉིད་གསོ་སྐྱོང་གནང་བ་ཡིད་ལ་དྲན་སྐབས། རིན་ཆེན་མཚོ་མོས་སྔར་བཞིན་བསམ་པའི་ཉམས་འགྱུར་ཡག་ཤོས་ལ་བརྟེན་ནས་སློབ་ཁྲིད་ལས་འགན་ལེགས་པར་བསྒྲུབས་པ་མ་ཟད། སློབ་མར་ཟུར་ཁྲིད་ཀྱང་བྱེད་ཀྱི་ཡོད།

    2012ལོར་ལོ་མང་རིང་ཁྲག་ཤེད་མཐོ་བའི་ནད་ཕོག་པའི་སྒྱུག་མོ་གློ་བུར་དུ་དོས་དྲག་གི་རྒྱུ་ལྷག་གཉན་ཚད་ཕོག་ནས་སྨན་ཁང་དུ་ལུས་པ་དང་། སྒྱུག་མོ་ལོ་ན་མཐོ་བས་རྒས་ནད་མང་བའི་ཐོག་ཁྲག་ཤེད་བརྟན་པོ་མེད་པས་བོད་དུ་གཤགས་བཅོས་བྱེད་ཐབས་བྲལ་བར་བརྟེན་ཁྲེང་ཏུར་བོད་ལྗོངས་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱེལ་རྒྱུའི་ཐག་བཅད། སྐབས་དེར་རིན་ཆེན་མཚོ་མོས་བུ་མོ་གཉིས་ལ་འཚོ་བ་རང་རྐྱ་མ་འཕེར་བའི་ཁྱོ་གར་ལྟ་རྟོག་བྱེད་དུ་བཅུག་ནས་སྒྱུག་མོ་ཁྲེང་ཏུའི་བོད་ལྗོངས་སྨན་ཁང་ལ་གཤགས་བཅོས་བྱེད་པར་ཁྲིད།

    གཤགས་བཅོས་ལེགས་གྲུབ་བྱུང་ཡང་སྒྱུག་མོ་ལོ་ན་མཐོ་བས། གཟུགས་པོ་དེ་ཙམ་ཐང་པོ་མེད་ལ། ཉལ་ཁྲི་ནས་བབས་ཏེ་འགུལ་སྐྱོད་བྱེད་མི་ཐུབ་པས་ཕོ་བའི་ནད་ཕོག་སྟེ་རྟག་ཏུ་བཙོག་པ་སྐམ་པོར་གྱུར་ནས་བཤལ་སྨན་བཏང་ཡང་ཕན་ནུས་ཐོན་གྱི་མེད། ཐབས་ཟད་འུ་ཐུག་གི་སྐབས་སུ་ཁོང་གིས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་བཙོག་པ་འབབ་ཐབས་བྱེད་དགོས་ཀྱི་ཡོད། དེའི་ཐོག་རྒན་མོར་པགས་ནད་ཕོག་ཡོད་པས་ཉིན་ལྟར་མཚན་དགུང་དུ་ཆུ་ཚོད་ཕྱེད་ཀ་རེར་གཟུགས་པོ་ཨ་ལོག་ཐེངས་རེ་རྒྱག་པ་དང་ནང་འཇམ་ཐེངས་རེ་བརྗེ་དགོས་ཀྱི་ཡོད། སྒྱུག་མོར་དུས་ཐོག་ཏུ་གཙང་ཞིང་འཇམ་པའི་ནང་འཇམ་བརྗེ་ཆེད་རིན་ཆེན་མཚོ་མོས་སྐབས་རེ་མཚན་དགུང་དུའང་རྒན་མོའི་ནང་གོས་བཀྲུ་ཡི་ཡོད།

    ཉིན་མོ་སྒྱུག་མོར་གཟུགས་པོ་འཕྱི་བ་དང་གྱོན་གོས་འཁྲུ་དགོས་ལ། སྒྱུག་མོའི་མགོ་དང་། གདོང་། རྐང་པ་བཅས་འཁྲུ་བ་དང་། སེན་མོ་བྲེག་པ། སྐྱག་གཅིན་བཤོ་བ་སོགས་ཀྱང་བྱེད་དགོས་ཀྱི་ཡོད། རིན་ཆེན་མཚོ་མོས་ལྟ་རྟོག་གཟབ་ནན་བྱས་པའི་འོག་སྒྱུག་མོའི་གཟུགས་པོ་ཉིན་བཞིན་དྲག་སྐྱེད་སོང་བ་དང་ད་ཆ་སྐབས་རེ་སེམས་པ་མ་སྐྱིད་པ་བྱུང་བ་ཕུད་གཟུགས་པོ་ཐང་དུ་ཕྱིན་ཡོད།

    འོན་ཀྱང་རིན་ཆེན་མཚོ་མོས་ཐོག་མཐའ་བར་གསུམ་དུ“ལྷད་མེད་བརྩེ་བ་འཆང་ལུགས་ནི་བསྟུན་མཁས་དང་། བློས་གཏོང་། སྐྱིད་སྡུག་མཉམ་མྱོང་སོགས”ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    2017ལོར་རང་སྐྱོང་ལྗོངས་ཀྱི“རྒན་བཀུར་གཞོན་གཅེས”ཀྱི་དཔེ་བཟང་ལ་བདམས་རྗེས་རིན་ཆེན་མཚོ་མོས་རང་ཉིད་ཀྱི་འགན་འཁྲི་སྔར་བས་ལྕི་རུ་སོང་བར་ངོས་འཛིན་བྱུང་ཞིང་། ཁོང་གིས“རྒན་བཀུར་གཞོན་གཅེས་དང་། སྙིང་རྗེ། ཉམས་ཞན་ལ་རོགས་རམ་བྱེད་པའི”སྤྱོད་བཟང་ལག་ལེན་དུ་ཏན་ཏིག་འཁྱོལ་བ་དང་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཉེ་འགྲམ་གྱི་མི་ཚང་མར་སེམས་འགུལ་ཐེབས་པ་དང་རོགས་རམ་བྱས་ཏེ་བརྩེ་སེམས་ལ་བརྟེན་ནས་ཕུགས་བསམ་མངོན་འགྱུར་དང་གདུང་སེམས་མཉམ་སྐྱེས་ཀྱིས་འབྱུང་འགྱུར་བཏོད་དེ་ལས་ཀ་ཧུར་ཐག་བྱེད་པ་དང་འཚོ་བ་སྤྲོ་སྣང་ལྡན་པ་ཞིག་སྐྱེལ་རྒྱུའི་དམ་བཅའ་བརྟན་པོ་བཞག་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།