ཟླ་11ཚེས་8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་སྐུ་ཟླ་མའེ་ལ་ཉི་ཡ་རྣམ་གཉིས་ཕོ་བྲང་རྙིང་པའི་རྟེན་རྫས་བཤམས་མཛོད་ཁང་དུ་གཟིགས་སྐོར་གནང་བར་ཕེབས་རོགས་ཞུས་ཤིང་། འདི་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་གྱིས་ཐའེ་ཧོ་ཕོ་བྲང་མདུན་དུ་དྲན་རྟེན་པར་རྒྱག་པའི་གནས་ཚུལ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་སྐུ་ཟླ་མའེ་ལ་ཉི་ཡ་རྣམ་གཉིས་ཕོ་བྲང་རྙིང་པའི་རྟེན་རྫས་བཤམས་མཛོད་ཁང་དུ་གཟིགས་སྐོར་གནང་བར་ཕེབས་རོགས་ཞུས་ཤིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་གྱིས་ཕོ་བྲང་རྙིང་པའི་དབྱིག་ནོར་ཐོག་ཁང་དུ་གསོལ་ཇ་མཆོད་ཀྱིན་བཀའ་མོལ་གསུང་རེས་གནང་བ་དང་། དེ་ནས་ཕོ་བྲང་རྙིང་པའི་མདུན་གྱི་ཕོ་བྲང་གསུམ་ལ་གཟིགས་སྐོར་དང་རིག་དངོས་ཉམས་གསོའི་ལག་རྩལ་དང་རྩ་ཆེའི་རིག་དངོས་འགྲེམས་སྟོན་ལ་གཟིགས་པ་མ་ཟད། པེ་ཅིང་ཁྲང་ཞིའི་འཁྲབ་སྟོན་ལའང་གཟིགས་པ་རེད།
ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཕོ་བྲང་རྙིང་པའི་དབྱིག་ནོར་ཐོག་ཁང་མདུན་དུ་ཐེ་རོན་ཕུ་དང་སྐུ་ཟླ་མའེ་ལ་ཉི་ཡར་ཕེབས་བསུ་ཞུས་ཤིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་གྱིས་ཕན་ཚུན་མཛའ་བརྩེའི་ངང་འཚམས་འདྲི་ཞུ་རེས་གནང་རྗེས། ལྷན་དུ་དབྱིག་ནོར་ཐོག་ཁང་དུ་ཕེབས་ནས་གསོལ་ཇ་མཆོད་པ་དང་བཀའ་མོལ་གསུངས་ནས་བཞུགས།
ཞི་ཅིན་ཕིང་གིས་ཐེ་རོན་ཕུ་ཨ་རིའི་ཙུང་ཐུང་ལ་བདམས་ནས་ལོ་གཅིག་འཁོར་ཉེའི་སྐབས་སུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་ཆབས་ཅིག་ཐེ་རོན་ཕུ་ཁྱིམ་མི་ཡོངས་ཀྱིས་འདི་ལོའི་ཟླ་4པར་མཚོ་མཚེའུ་གཞིས་ཀར་ཐུགས་སྣང་གཤིན་པོས་སྣེ་ལེན་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུས་པའི་ཐོག་ཐེ་རོན་ཕུ་སྟངས་དཔྱལ་ཀྲུང་གོར་འཚམས་འདྲི་གནང་རིང་སྤྲོ་པོ་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།
ཞི་ཅིན་ཕིང་གིས་ཙུང་ཐུང་ཐེ་རོན་ཕུ་ད་ཐེངས་ཀྲུང་གོར་འཚམས་འདྲིར་ཕེབས་པར་དོན་སྙིང་གལ་ཆེན་ལྡན་པས་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་གིས་ཀྱང་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག ད་ཐེངས་ཀྱི་འཚམས་འདྲིར་དགེ་མཚན་ལྡན་པ་དང་གལ་འགངས་ཆེ་བའི་གྲུབ་འབྲས་ཐོབ་རྒྱུའི་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་། ཞི་ཅིན་ཕིང་གིས་ཐེ་རོན་ཕུར་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་གྲོལ་མ་ཐག་པའི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་གྲུབ་འབྲས་གལ་ཆེན་ངོ་སྤྲོད་གནང་བ་རེད།
ཐེ་རོན་ཕུས་ཀྲུང་གོ་ཕྱོགས་ཀྱིས་རང་ཉིད་ད་ཐེངས་ཀྲུང་གོར་འཚམས་འདྲིར་ཡོང་བར་བཀོད་སྒྲིག་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་ཐུགས་གྲ་ལེགས་འགྲིག་བྱུང་བ་དང་ཞི་ཅིན་ཕིང་བསྐྱར་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པར་རྟེན་འབྲེལ་ཞུས་པ་མ་ཟད། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་གནང་བ་དང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་གྲུབ་འབྲས་ཐོབ་རྒྱུའི་ཐུགས་རེ་ཡང་གནང་བ་རེད།
ཞི་ཅིན་ཕིང་གིས་ཐེ་རོན་ཕུར་ཕོ་བྲང་རྙིང་པའི་ལོ་རྒྱུས་ངོ་སྤྲོད་གནང་སྟེ། ཕོ་བྲང་རྙིང་པ་ནི་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ལ་ཤེས་རྟོགས་བྱེད་པར་མེད་དུ་མི་རུང་བའི་སྐར་ཁུང་ཞིག་རེད་ཅེས་བསྟན་གནང་བ་རེད། དེ་རྗེས། ཞི་ཅིན་ཕིང་སྟངས་དཔྱལ་གྱིས་ཐེ་རོན་ཕུ་སྟངས་དཔྱལ་དང་ལྷན་དུ་མདུན་གྱི་ཕོ་བྲང་གསུམ་ལ་གཟིགས་སྐོར་གནང་བར་ཕེབས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་ཅིན་ཧྲུའེ་ཟམ་པ་ནང་མ་དང་ཐའེ་ཧོ་རྒྱལ་སྒོ་བརྒྱུད་བརྗིད་རྔམ་ལྡན་པའི་ཐའེ་ཧོ་ཕོ་བྲང་གི་ཐང་ཆེན་དུ་དྲན་རྟེན་སྐུ་པར་བསྐྱོན། རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་གྱིས་ཕོ་བྲང་རྙིང་པའི་དཀྱིལ་ཐིག་བརྒྱུད་ཐའེ་ཧོ་ཕོ་བྲང་དང་། ཀྲུང་ཧོ་ཕོ་བྲང་། པའོ་ཧོ་ཕོ་བྲང་བཅས་སུ་རིམ་གྱིས་གཟིགས་སྐོར་གནང་ནས། ཕོ་བྲང་ཆེ་མོ་གསུམ་པོའི་མིང་ནང་རྒྱ་ཡིག“ཧོ”ཡོད་པའི་ཀྲུང་གོའི་རིག་གནས་སྲོལ་རྒྱུན་ལ་ཉམས་ལེན་གནང་བ་རེད། ཐེ་རོན་ཕུ་ཕོ་བྲང་རྙིང་པའི་འཛུགས་སྐྲུན་གྱི་བརྗིད་ཉམས་ལྡན་པའི་བཀོད་པར་ཧང་སངས་ནས་བསྔགས་བརྗོད་ཡང་ཡང་གནང་བ་དང་སྐབས་འགར་གོམ་པ་སྤོ་མཚམས་བཞག་ནས་མིག་ཟུང་ཅེ་རེར་གཟིགས་ཏེ། ལྕགས་རི་དམར་པོ་དང་། རྫ་གཡམ་སེར་པོ། ཀ་གདུང་གི་བརྐོས་པ་བཅས་ཀྱི་སྤུས་ཀར་ཞིབ་མོར་དཔྱད་པ་མ་ཟད། དོན་སྙིང་ཟབ་ལ་ནང་དོན་ཕུན་སུམ་ཚོགས་པའི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ལ་བསྔགས་བརྗོད་ཟབ་མོའང་གནང་བ་རེད།
མདུན་གྱི་ཕོ་བྲང་གསུམ་ལ་གཟིགས་སྐོར་གནང་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་ཕོ་བྲང་རྙིང་པའི་རིག་དངོས་སྨན་ཁང་དུ་ཕེབས་ཏེ། ཆུ་ཚོད་དང་། ཤིང་ཆས། ལྕགས་རིགས་ཡོ་ཆས། རྫ་དཀར། འཁལ་འཐག་ཐོན་རྫས། ཡིག་གཟུགས་དང་རི་མོ་སོགས་ཀྱི་རིག་དངོས་ཉམས་གསོའི་ལག་རྩལ་འགྲེམས་སྟོན་ལ་སྔ་རྗེས་སུ་གཟིགས་པ་དང་། གནས་དེ་ནས་ཡིག་གཟུགས་དང་རི་མོའི་ཉམས་གསོའི་མྱོང་རོལ་ནང་ཞུགས་པ་མ་ཟད། རྩ་ཆེའི་རིག་དངོས་འགྲེམས་སྟོན་ལའང་ལྷན་དུ་གཟིགས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱིས་རིག་དངོས་ཉམས་གསོའི་ཐད་སྤེལ་བའི་ཁྱབ་རྒྱ་ཡངས་ལ་གཏིང་ཟབ་པའི་མཉམ་ལས་ལ་གདེང་འཇོག་ཟབ་མོ་གནང་བ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་ཁྲང་དབྱིན་ཁང་དུ་སྐྱོད་ཅིང་། ལམ་བར་དུ་ཅིང་ཐའེ་ལན་གྱི་གུ་གུ་ཤའི་སྤུས་དག་རིག་དངོས་དང་བཟོ་རྩལ་འགྲེམས་སྟོན་ལ་གཟིགས་པ་མ་ཟད། ལྷན་དུ་ལྟད་མོ་ཆེ་བའི་པེ་ཅིང་ཁྲང་ཞི《ཟློས་གར་ཁང་གི་དཔྱིད་དཔལ》《སྤྲེལ་རྒྱལ》《བཙུན་མོ་བདུད་རྩིར་རོལ་བ》བཅས་ལ་གཟིགས་པ་རེད། དེར་ཕེབས་མཁན་གྱི་སྐུ་མགྲོན་ཚོའི་ཐལ་མོའི་རྡེབ་སྒྲ་དང་བསྔགས་བརྗོད་ཀྱི་འབོད་སྒྲ་ཆུ་རྒྱུན་བཞིན་ཆད་རྒྱུ་མེད།
གཟིགས་སྐོར་དང་སྤེལ་རེས་གནང་རིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་རྒྱལ་སྲིད་སྐྱོང་ལུགས་དང་དེ་བཞིན་ཀྲུང་ཨའི་འབྲེལ་བ་སོགས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ལ་དགོངས་འཆར་བརྗེ་རེས་ཀྱང་གནང་བ་རེད།