དབུ་ཤོག>གསར་འགྱུར།
  • “གྲོང་གསེབ་ཀྱི་སྨན་པ་ཡག་ཤོས”བློ་བཟང་རྒྱལ་མཚན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-11-05

    རྒྱལ་ཡོངས་ཀྱི“གྲོང་གསེབ་ཀྱི་སྨན་པ་ཡག་ཤོས”ཞེས་པའི་སྙན་མཚན་ཐོབ་པའི་བློ་བཟང་རྒྱལ་མཚན་གྱིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ནད་པ་མང་པོའི་སྲོག་བསྐྱབས་ཡོད།

    འདི་ལོ་ལོ་38ལ་སླེབས་པའི་བློ་བཟང་རྒྱལ་མཚན་ནི་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ས་སྟེང་ཤང་འཕྲོད་བསྟེན་ཁང་གི་སྨན་པ་ཞིག་རེད། ལོ་20ལྷག་སྨན་པའི་ལས་ལ་གཞོལ་བའི་ཁོང་གིས་རང་ཉིད་ཀྱི་ཆེས་བཟང་བའི་ལང་ཚོའི་དུས་ཚོད་གཞི་རིམ་གྱི་མི་རིགས་ཁག་གི་མང་ཚོགས་ལ་ཕུལ་ཏེ་གཅེས་སེམས་བཅངས་ནས་སྲོག་སྐྱོབ་དང་མཐུན་སྒྲིལ་ལས་ལ་གཞོལ་ཡོད།

    ས་སྟེང་ཤང་ནི་ཐག་རིང་ལུང་ཁུག་ཞིག་ཡིན་པ་དང་རི་མཐོའི་གྲོག་རོང་ནང་དུ་གནས། སྔོན་མ་དེ་གའི་མང་ཚོགས་ལ་ན་ཚ་བལྟ་མཁན་སྨན་པ་མེད་པ་དང་ན་ཚ་ལྟ་བའི་དཀའ་ངལ་ཆེན་པོ་ཡོད། ཁོང་གི་རྨོ་བོ་ཡང་ནད་ཀྱིས་མནར་ཏེ་སྔ་ས་ནས་གྲོངས་པས་བློ་བཟང་རྒྱལ་མཚན་གྱི་སེམས་སུ་སྡུག་བསྔལ་གྱི་རྨ་ཁ་ཞིག་བཟོས་ལ། མས་ཀྱང་ཁོང་སྨན་པ་ཞིག་བྱས་ཏེ་མང་ཚོགས་མང་པོར་ན་ཚ་བལྟས་ནས་ནད་ཀྱི་སྡུག་བསྔལ་བསལ་མཁན་ཞིག་ཏུ་འགྱུར་རྒྱུའི་འདུན་པ་སྙིང་ནས་བཅངས། མའི་བསམ་འདུན་འགྲུབ་ཆེད་བློ་བཟང་རྒྱལ་མཚན་གྱིས་འཕྲོད་བསྟེན་སློབ་གྲྭར་རྒྱུགས་སྤྲད་པ་དང་དེ་ནས་མཐར་ཕྱིན་རྗེས་དཔལ་འབར་རྫོང་སྙེ་མོ་ཤང་དུ་འོང་ནས་དེ་གའི་ཤང་བཙུགས་ཚུན་གྱི་གྲོང་ཚོའི་སྨན་པ་ཐོག་མ་དེ་བྱས་ཤིང་། དུས་ཐུང་ལོ་གསུམ་རིང་།ཁོང་གིས་ལོ་ན་གཞོན་པའི་ཁེངས་སེམས་དོར་ནས་གྲོང་ཚོའི་ནང་ནད་ལྟ་བར་བསྐྱོད་དེ་ཉམས་མྱོང་མང་པོ་བསགས་ཤིང་། 1996ལོར་སྙེ་མོ་ཤང་ནས་ས་སྟེང་ཤང་འཕྲོད་བསྟེན་ཁང་དུ་ལས་བསྒྱུར་བྱས་ད་བར་ལོ་21ཕྱིན་ཡོད།

    བློ་བཟང་རྒྱལ་མཚན་གྱིས་གོས་འཚེམ་བྱེད་ཀྱི་ཁབ་གཅིག་གིས་མི་བདུན་གྱི་སྲོག་བསྐྱབས་པ། དེའང་1996ལོའི་དགུན་ཁ་ཞིག་ལ་བློ་བཟང་རྒྱལ་མཚན་སྙེ་མོ་ཤང་ལ་ན་ཚ་ལྟ་བར་འགྲོ་སྐབས། འཁོར་འཛོལ་ལྷག་པའི་རྨས་མ་ཞིག་མྱུར་སྐྱོབ་བྱེད་པའི་ནང་ཞུགས། དེ་དུས་ཤང་ལ་རྨས་མ་ལམ་སེང་སྐྱེལ་བའི་རླངས་འཁོར་མེད་པའི་ཁར་རྨས་མ་བདུན་པོར་འཕྲལ་མར་གཤགས་བཅོས་མ་ཐུབ་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་ཡོད། གཤགས་བཅོས་ལག་ཆ་དཀོན་པ་དང་རྨས་མ་མགྱོགས་པོ་འཆི་ཉེན་གྱི་ཛ་དྲག་གི་དུས་སུ། བློ་བཟང་རྒྱལ་མཚན་གྱིས་མིག་བཙུམས་ནས་གོས་འཚེམ་བྱེད་ཀྱི་ཁབ་ལ་དུག་སེལ་བྱས་ཏེ་རྨས་མར་གཤགས་བཅོས་བྱས་ཤིང་། དེའི་དགོང་མོའི་ཆུ་ཚོད་བདུན་པ་ནས་འགོ་བཙུགས་ཏེ་ཉིན་གཉིས་པའི་ཞོགས་པའི་ཆུ་ཚོད་10པ་ལྷག་ཙམ་བར་ལྟོགས་སྒོམ་དང་ངལ་བར་མ་འཛེམས་པར་གཤགས་བཅོས་མཐའ་མ་མ་གྲུབ་བར་རྒྱུན་འཁྱོངས་བྱས་མཐར་རྨས་མ་བདུན་པོ་དག་གཤིན་རྗེའི་ཁ་ལས་ཐར་པ་དང་རང་ཉིད་ངལ་དུབ་རྐྱེན་གྱིས་འགྱེལ་བ་རེད། རྗེས་སུ་བློ་བཟང་རྒྱལ་མཚན་གྱིས“དེ་དུས་ཆ་རྐྱེན་དང་ལག་རྩལ་ཡག་པོ་ཡོད་ཚེ། གཤགས་བཅོས་ཡག་པོ་ཞིག་བྱེད་ཐུབ”ཅེས་དྲན་གསོའི་ངང་བཤད།

    ལོ་20ལྷག་རིང་། བློ་བཟང་རྒྱལ་མཚན་གྲོང་ཚོའི་ཚོགས་ཆུང་གི་འབྲོག་ཁུལ་མང་ཚོགས་ལ་ན་ཚ་ལྟ་བ་དང་སྨན་སྐྱེལ་བར་འགྲོ་སྐབས་རྟ་བཞོན་པ་དང་རྐང་ཐང་མར་འགྲོ་ཡི་ཡོད། ལམ་བར་དུ་རི་ཀླུང་བརྒལ་བ་དང་། འཕྲང་ལམ་གཡང་གཟར་བརྒྱུད་དགོས་ལ། ཕྱིར་ཚ་ཕོག་བརྒྱབ་ནས་སྡོད་དགོས་ཀྱི་ཡོད། ཁོང་གི་ངོས་ནས་བཤད་ན་དེ་དག་ནི་རྒྱུན་གཏན་ཞིག་ཡིན་པ་དང་གྲོགས་མེད་ཁེར་རྐྱང་གི་ཡུད་པོ་དང་དཀའ་སྡུག་དག་ཁོང་རང་ཉིད་ཀྱིས་མ་གཏོགས་ཤེས་མི་ཐུབ་ཀྱང་། བློ་བཟང་རྒྱལ་མཚན་གྱིས་ཟླ་རེར་ཕྱིར་ན་ཚ་ལྟ་བར་ཐེངས་ལྔ་དྲུག་བསྐྱོད་རྒྱུ་རྒྱུན་མི་ཆད་པ་དང་ཐག་རིང་ལུང་ཁུག་ལ་ལོ་གཅིག་ནང་ཉུང་མཐར་ཐེངས་དྲུག་བདུན་ཙམ་བསྐྱོད་པས། ཉིན་200ལྷག་གྲོང་སྡེ་སོ་སོར་བསྐྱོད་དེ་མང་ཚོགས་ལ་ན་ཚ་ལྟ་བ་དང་། སྦྲུམ་མར་སྐྱེ་གཡོག་རྒྱུག་པ། ཕྲུ་གུར་སྔོན་འགོག་སྨན་ཁབ་རྒྱག་པ་སོགས་བྱས་ནས་ནད་པ་བདེ་ཐང་ཡོང་ཐབས་བྱེད་པ་དང་ནད་ཚབས་ལྕི་བའི་ནད་པར་གསོན་ཐབས་ཀྱི་རེ་བ་སྦྱིན་གྱི་ཡོད།

    གཞན་ལ་བདེ་ཐང་ཡོང་ཐབས་བྱེད་པ་དང་ཆབས་ཅིག་བློ་བཟང་རྒྱལ་མཚན་གྱིས་རང་གི་བདེ་བ་བློས་གཏོང་བྱེད་ཀྱི་ཡོད།

    1996ལོའི་ཉིན་ཞིག་ལ། བློ་བཟང་རྒྱལ་མཚན་གྱིས་གངས་ཆེན་པོ་བབས་པར་མ་འཛེམས་པར་མཁྲིས་སེར་རིགས་ཀྱི་མཆིན་ཚད་ཕོག་པའི་ནད་པ་ཞིག་ལ་ལྟ་བར་བསྐྱོད། དེ་དུས་གནམ་གཤིས་ཤིན་ཏུ་གྲང་བ་དང་ལམ་ལ་འཁྱག་པ་ཐེབས་པས་གངས་རི་སྒྲོལ་བའི་སྐབས་རྟ་ཐོག་ནས་ཟགས་ཏེ་རྐང་པ་གཡས་པའི་པུས་མོའི་ལྷ་ང་ཆག་ནས་ན་ཟུག་གིས་མིག་ཆུའང་ཤོར་མོད། འོན་ཀྱང་ནད་པ་བསྒུགས་ནས་བསྡད་ཡོད་པ་བློར་འཁོར་ཏེ་ཁོང་གིས་ཨམ་གཙིགས་བསྡམས་ནས་རྐང་པ་དྲུད་དེ་ནད་པའི་ཁྱིམ་བར་སྡུག་རུས་ངང་ཕྱིན་ཞིང་། བློ་བཟང་རྒྱལ་མཚན་གྱིས་སྨན་བཅོས་ཞིབ་ཚགས་བྱས་མཐར་འབྲོག་པ་དེའི་ན་ཚ་དྲག་སྐྱེད་བྱུང་ནའང་། ཁོང་ནད་པའི་ཁྱིམ་དུ་ཤིང་གི་ཡལ་གས་ཆག་ཆིངས་བྱས་ནས་ན་ཚ་གསོ་བར་ཟླ་ཕྱེད་ཙམ་འགོར་ཞིང་། གནས་ཚུལ་དེའི་སྐོར་གླེང་དུས། བློ་བཟང་རྒྱལ་མཚན་གྱིས“དེ་དུས་རྐང་པ་སྐྱོན་ཅན་ཆགས་ཚེ། ངས་ཞིང་འབྲོག་པར་ན་ཚ་ལྟ་བར་འགྲོ་ཐུབ་ཀྱི་མ་རེད”ཅེས་ཤོད་ཀྱི་ཡོད།

    ལོ་ལྟར་ཕྱིར་འགྲོ་དགོས་དུས་གཟུགས་པོར་བརྡབ་གསིག་ཆེན་པོ་ཡོད། 2016ལོའི་ལོ་མཇུག་ཏུ་བློ་བཟང་རྒྱལ་མཚན་འདུས་འདྲིལ་གཅོང་ནད་ཀྱི་བྲང་སྐྱིའི་གཉན་ཚད་ཕོག་ནས་སྨན་ཁང་ལ་སྡོད་དགོས་བྱུང་བ་རེད།

    ཟླ་9ཚེས་16ཉིན་ལྷ་ས་ནས་གསར་འགོད་པར་བློ་བཟང་རྒྱལ་མཚན་ཐུག་སྐབས། ཁོང་སྨན་ཁང་ལ་བྲང་སྐྱིའི་གཉན་ཚད་སྨན་བཅོས་བྱས་ནས་ཕ་མའི་ཁྱིམ་དུ་ལུས་པོ་གསོ་ཕྱིར་ངལ་གསོ་བརྒྱབ་མ་ཐག་ཡིན་པ་རེད། སྨན་པས་ཁོང་ཁྲེང་ཏུའུ་རུ་ལུས་གསོ་ཕྱིན་ན་ཡག་པོ་ཡོད་ཚུལ་བཤད་ཀྱང་། ཁོང་གིས་ཡུལ་མི་ཚོ་བློས་མ་ཐོངས་པ་མ་ཟད། ནང་མིར་དཀའ་ངལ་བཟོ་འདོད་མེད་པས་ཁྲེང་ཏུའུ་རུ་འགྲོ་བའི་སེམས་ཐག་བཅད་མེད། ཁོང་གིས“གཟབ་སྦྱོང་གི་གོ་སྐབས་བྱུང་ཚེ་སྨན་པའི་ལག་རྩལ་ཡག་པོ་སྦྱངས་ནས་ཚེ་གང་ཡུལ་མི་ཚོ་དང་མཉམ་དུ་བསྡད་དེ་ཁོང་ཚོར་ན་ཚ་ལྟ་འདོད་ཡོད”ཅེས་བཤད།

    ལོ་20ལྷག་རིང་། ཟླ་རེར་གླ་ཆ་ཕྲན་བུ་ཙམ་ལས་མེད་ཀྱང་བློ་བཟང་རྒྱལ་མཚན་གྱིས་ཡུལ་མིའི་ས་ནས་དངུལ་སྐར་ལི་ཙམ་ཡང་ལེན་གྱི་མེད། ལོ་དེ་དག་ནང་ཕ་མས་ཁ་གསབ་མང་པོ་བྱས་ཡོད་པ་ཁོང་གི་སེམས་ནང་གསལ་ལེར་དྲན་ཞིང་། ཁོང་གིས“དེ་གའི་མང་ཚོགས་ནི་ངའི་གཅེན་གཅུང་མིང་སྲིང་ལྟ་བུ་ཡིན་པས། ཁོང་ཚོ་ང་དང་འབྲལ་མི་ཕོད་ལ། ང་ཡང་ཁོང་ཚོ་དང་འབྲལ་བར་མི་ཕོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།