གསེར་མདོག་ཅན་གྱི་སྟོན་དུས་ཀྱི་ས་མཐོ་རི་མོ་ཇི་བཞིན་མཛེས། ཚོགས་འདུ་གཟབ་རྒྱས་ཀྱི་དགོངས་དོན་དུད་ཚང་ཁྲི་སྟོང་ལ་སྒྲོག་འགྲེལ་བྱེད། ཉིན་ཤས་བསྟུད་མར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་བྱེད་སྒོ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་ཚ་ཚ་འུར་འུང་ངང་སྤེལ་བཞིན་མཆིས། ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་མགྲོན་བསུའི་ལྡིང་ཁང་གི་རིམ་པ་དང་པོའི་ཞིབ་བཤེར་ས་ཚིགས་ཀྱི་སློབ་སྟོན་པ་གཞོན་པ་ཡའོ་ཁྲེའི་ངོས་ནས་བརྗོད་ན། ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི་འགོ་འཛུགས་ས་གསར་པ་ཞིག་རེད། གང་ལགས་ཤེ་ན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཚོགས་ཆེན་ལ་ཞུགས་པའི་མྱོང་ཚོར་འཕྲལ་དུ་རང་ཉིད་ཀྱི་འཐབ་གྲོགས་ཚོར་བརྒྱུད་བསྒྲགས་བྱས་ཏེ་ཁོང་ཚོ་དང་མཉམ་དུ་དུས་རབས་གསར་པའི་རྦ་རླབས་བཤགས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་སླར་ཡང་ལམ་དུ་ཆས་རྒྱུ་ཡིན་པས་རེད།
“ཕ་ཡུལ་དུ་ལོག་པའི་གནམ་གྲུའི་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་ཡག་པོ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་ཚང་མ་བརྒྱུད་བསྒྲགས་སྔར་བས་ལེགས་པ་ཇི་ལྟར་བྱ་རྒྱུའི་ཐད་རང་ཉིད་དང་འཁྲིས་སུ་ཡོད་པའི་འཐུས་མི་རྣམས་ཀྱིས་གྲོས་བསྡུར་བྱས་པ་ཡིན”ཞེས་ཡའོ་ཁྲེས་གསར་འགོད་པར་བཤད།
ཟླ་10ཚེས་31ཉིན་གྱི་ཞོགས་པ་སྔ་པོ་ནས་ཡའོ་ཁྲེས་ཉེན་རྟོག་པའི་གྱོན་ཆས་གྱོན་ཏེ་དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་ཆ་མཐུག་པོ་ཞིག་ཁྱེར་ནས་ཞིབ་བཤེར་ས་ཚིགས་སུ་བསྐྱོད། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་ཡག་པོ་བྱ་ཆེད། ཁོང་གིས་ཉིན་ཁ་ཤས་ཀྱི་གོང་ནས་ནུས་ཤུགས་ཡོད་རྒུས་གྲ་སྒྲིག་བྱེད་འགོ་བཙུགས་པ་དང་། སྒྲོག་འགྲེལ་མ་བྱས་གོང་གི་དགོང་མོར་ཁོང་གིས་ད་དུང་ཆུ་ཚོད་གཉིས་པ་བར་སྒྲོག་འགྲེལ་གྱི་ནང་དོན་སླར་ཡང་གསེད་བཀྲོལ་ཐེངས་གཅིག་བྱས་པ་རེད།
ཡའོ་ཁྲེས་འདི་ལོའི་ཟླ་བ་བཅུ་པ་ནི་ངའི་མི་ཚེར་བརྗེད་པར་དཀའ་བའི་ནམ་ཟླ་ཞིག་རེད། ཟླ་བཅུ་པར་རང་ཉིད་རྒྱལ་ཡོངས་ཀྱི་ཏང་གི་འཐུས་མིར་ཐོག་མར་གྱུར་པ་དང་། ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ལ་ཐོག་མར་ཞུགས་པ། ཚོགས་འདུ་འཚོག་ཡུལ་ནས་སྤྱི་ཁྱབ་ཧྲུའུ་ཅིའི་སྙན་སྒྲོན་ཐོག་མར་ཉན་པ་ཡིན་ཞེས་བཤད། ཡའོ་ཁྲེས་འཐབ་གྲོགས་ཚོར་སེམས་འགུལ་ཐེབས་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་རིང་གི་བརྗེད་པར་དཀའ་བའི་དུས་ཚོད་ཞིབ་པར་བཤད་པ་དང་། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་རེད།
ཁོང་གི་གཏམ་བཤད་ལས་ས་ཚིགས་ཡོངས་ཀྱི་ལས་བྱེད་ཉེན་རྟོག་པ་20ཡི་ཐལ་མོའི་རྡེབ་སྒྲ་ཡང་ཡང་བསྒྲགས་ཤིང་། ཚང་མས་གཏམ་བཤད་ལྷུག་པོར་གླེང་བ་དང་སོ་སོའི་མྱོང་ཚོར་སྤེལ་རེས་བྱས་པ་རེད། པའོ་ལི་ཧྭ་ཡིས“ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་ལུགས་ཞིབ་པར་གླེང་བ་དེས་ང་ཚོའི་ལས་དོན་ལ་དྲན་པ་གསོ་བའི་སྨན་ཁབ་ཅིག་བརྒྱབ་པ་དང་གཉིས་སུ་མ་མཆིས། ཞིབ་བཤེར་ས་ཚིགས་ཀྱི་གཞི་རིམ་ལས་བྱེད་ཉེན་རྟོག་པ་ཞིག་གི་ངོས་ནས་བརྗོད་ན། འགྲིམ་འགྲུལ་སྲུང་སྐྱོང་དང་། ཉེས་གསོག་ལ་རྡུང་རྡེག་གཏོང་བ། ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ནི་ང་ཚོའི་འདོར་ཐབས་མེད་པའི་འགན་འཁྲི་རེད། ང་ཚོས་སླད་ཕྱིན་གྱི་ལས་ཀའི་ཁྲོད་སྔར་བས་ཞིབ་ཚགས་དང་། སྔར་བས་ནན་ཏན། སྔར་བས་ཉེན་ཁར་མི་སྐྲག་པ་བཅས་བྱས་ཚེ། མང་ཚོགས་ལ་གཞི་ནས་བདེ་འཇགས་ཀྱི་ཚོར་སྣང་ལྡན་པ་དང་། སྤྱི་ཚོགས་སྔར་བས་ཞི་མཐུན་ཡོང་སྲིད”ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།
ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་རྒྱུ་བྱུང་བ་ནི་གཟི་བརྗིད་ཅིག་རེད་ལ། ཡར་སྐུལ་དང་སྐུལ་ལྕག་བྱས་པ་ཞིག་དེ་བས་རེད། ཡའོ་ཁྲེས“ཐོག་མའི་བསམ་འདུན་མ་བརྗེད་ན། ད་གཟོད་མགོ་མཇུག་རྒྱུན་འཁྱོངས་བྱེད་ཐུབ། སླད་ཕྱིན་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དུས་དང་རྣམ་པ་ཀུན་ཏུ་སྣེ་ཁྲིད་དུ་བྱས་ནས། གྲ་སྒྲིག་ཨང་གསར་གྱིས་སླར་ཡང་ལམ་དུ་ཆས་པ་དང་། ‘ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ཞབས་འདེགས། ཁྲིམས་སྐྱོང་གཞུང་དྲང་། སྒྲིག་ཁྲིམས་ནན་པོ’བཅས་ཀྱི་བླ་ན་མེད་པའི་འགན་འཁྲི་ལག་བསྟར་གཏིང་ཟབ་བྱས་ཏེ་རླབས་ཆེན་གྱི་དུས་རབས་གསར་པར་ཏང་གི་བྱ་གཞག་དང་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ཀྱི་ཆེད་དུ་འབད་བརྩོན་ཧུར་ཐག་བྱ་རྒྱུ་ཡིན”ཞེས་བཤད།
སྐད་ཆ་ཤོད་པའི་སྐབས་སུ་ཉི་མའི་འོད་ཟེར་ཡའོ་ཁྲེའི་ཉེན་རྟོག་པའི་ཞྭ་མོའི་སྟེང་གི་རྒྱལ་རྟགས་ལ་འཕྲོས་པས་དེ་བས་གཟི་བརྗིད་ལྡན་པར་སྣང་།

འདི་ནི་ཡའོ་ཁྲེ་ཡིས་འཐབ་གྲོགས་ཚོར་ཚོགས་འདུར་ཞུགས་པའི་མྱོང་བ་བརྗོད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།