ཤོ་པ་མདོ་གྲོང་རྡལ་ནི་ལྷོ་རོང་རྫོང་གི་ལྷོ་ནུབ་རྒྱུད་དུ་ཆགས་པ་དང་རྫོང་གྲོང་དང་སྤྱི་ལེ་25ཡི་སར་གནས་ཡོད། ལོ་རྒྱུས་ལ་ཕྱིར་ལྟ་བྱས་ན། ཤོ་པ་མདོ་གྲོང་རྡལ་ནི་ཇ་རྟའི་གནའ་ལམ་གྱི་ས་ཚིགས་གལ་ཆེན་ཞིག་ཡིན་ལ་ཁྲོན་བོད་ལམ་བུ་གཙོ་བོའི་གྲོང་རྡལ་གལ་ཆེན་གྱི་གྲས་ཀྱང་རེད།
ཤོ་པ་མདོ་གྲོང་རྡལ་ཤོ་པ་མདོ་གྲོང་ཚོའི་མདུན་དུ་ཤིང་སྡོང་གཉིས་སྐྱེས་ཡོད་པར་ཡུལ་མི་ཚོས“མཐུན་སྒྲིལ་གྱི་ཤིང་སྡོང”ཟེར་བ་དང“རྒྱ་བོད་གཉེན་འབྲེལ་གྱི་ཤིང་སྡོང”ཡང་ཟེར་ཞིང་། ལོ་500ལྷག་གི་ལོ་རྒྱུས་ཡོད་པས་རྒྱ་བོད་ཁྱིམ་ཚང་ཀུན་གྱི་དན་རྟགས་སུ་གྱུར། ལོ་གསར་གཏོང་རིམ་བཞིན་རྒྱ་བོད་ཁྱིམ་ཚང་དག་ཤིང་སྡོང་དེའི་མདུན་དུ་སོང་ནས་གསོལ་བ་སྨོན་ལམ་རྒྱག་གི་ཡོད།
ཉེ་བའི་ལོ་ཤས་རིང་། ཤོ་པ་མདོ་གྲོང་རྡལ་གྱི་མི་རིགས་ཁག་དབར་གཉེན་འབྲེལ་ཇེ་མང་དུ་སོང་བ་དང་། མིག་སྔར་བོད་རིགས་ཀྱིས་གཙོས་རྒྱ་རིགས་དང་། ཧུའེ་རིགས། ཐུའུ་ཅ་རིགས་སོགས་མི་རིགས་མང་པོ་མཉམ་གནས་ཀྱི་གྲངས་ཉུང་མི་རིགས་ཀྱི་འདུས་སྡོད་ཁུལ་ཞིག་ཆགས་པ་དང་གྲོང་རྡལ་དུ་མི་རིགས་མི་འདྲ་བ་གཉེན་འབྲེལ་ཆགས་པའི་དུད་ཚང་26ཡོད། མི་རིགས་ཁག་དབར་གཉེན་འབྲེལ་བྱེད་རིམ་བཞིན་གྲོང་རྡལ་གྱིས་དེ་དག་གི་གཉེན་སྟོན་གཉེར་ནས་ཁྱིམ་གཞིས་འཛུགས་རོགས་བྱེད་ཀྱི་ཡོད།
2012ལོའི་ཟླ་5པར་ལྷོ་རོང་རྫོང་གིས་ཤོ་པ་མདོ་གྲོང་རྡལ་དུ་བོད་རྒྱའི་གཉེན་འབྲེལ་9ལ་མཉམ་སྡེབ་ཀྱི་གཉེན་སྟོན་རྒྱ་ཆེན་པོ་བྱས་པ་རེད།
2015ལོར་ཤོ་པ་མདོ་གྲོང་རྡལ་གྱིས་གཉེན་འབྲེལ་དུད་ཚང་4ལ་དྲོད་ཁང་8བརྒྱབ་ཅིང་། ཁོ་ཚོས་དྲོད་ཁང་དུ་སྔོ་ཚལ་ཚོད་འདེབས་བྱས་ནས་གྲོང་རྡལ་དེ་ཡོངས་སུ་འཕེལ་རྒྱས་དོན་གཉེར་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་རྣམ་པ་བཟང་པོ་ཞིག་བཏོད་པ་རེད།
སྤེན་གསལ་སྒྲོལ་མ་དང་ལིའུ་ཡོན་ཧྲུའུ་ཁྱོ་ཤུག་གིས་ཕྱོགས་མང་པོའི་ས་ནས་སློབ་སྦྱོང་བྱས་ཏེ་འདེབས་འཛུགས་ལག་རྩལ་ལ་ལེགས་བཅོས་བྱས་པས། ལོ་དེར་སྔོ་ཚལ་གྱི་ཐོན་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། 2016ལོར་སྲིད་གཞུང་གི་རོགས་སྐྱོར་ལ་བརྟེན་ནས་སྤེན་གསལ་སྒྲོལ་མ་དང་ལིའུ་ཡོན་ཧྲུའུ་ཡིས་དྲོད་ཁང་12འགན་གཙང་བླངས་པ་དང་སྔོ་ཚལ་རྫོང་གྲོང་དུ་བཙོངས་པས་ལོ་ཕྱེད་རིང་ཡོང་འབབ་སྒོར་ཁྲི་6ལྷག་རག་ཡོད།
ཤོ་པ་མདོ་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་ལིའུ་ཀྲི་པིན་གྱིས་གོམ་སྟབས་རྗེས་མར་ཤོ་པ་མདོ་གྲོང་རྡལ་གྱིས་གྲོང་གསེབ་གསར་པའི་འཛུགས་སྐྲུན་དང་གནད་སྨིན་དབུལ་སྐྱོར་ཟུང་འབྲེལ་གྱིས་ལོ་གསུམ་གྱི་ནང་དུས་མཚམས་བགོས་ཏེ་མི་རིགས་ཀྱི་ཁྱད་ལྡན་སྡོད་ཁང་གསར་པ་75རྒྱག་རྒྱུ་མ་ཟད། གློག་བརྙན་ཁང་སོགས་རིག་གནས་རོལ་རྩེད་ཁང་དང་གྲོང་མིའི་བྱེད་སྒོའི་ཐང་ཆེན་རྒྱག་རྒྱུ་ཡིན་ཞིང་། ཆུ་དང་། གློག ལམ། ཡིག་ཟམ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་རྒྱུན་མི་ཆད་པར་འཐུས་ཚང་གཏོང་རྒྱུ་ཡིན་ཞེས་བརྗོད།
ཤོ་པ་མདོ་རུ་མི་རིགས་ཁག་གི་སྤུན་ཟླའི་དབར་འབྲེལ་འདྲིས་ཟབ་ལ། ཁྱིམ་ཚང་གཅིག་ལྟར་འཆམ་མཐུན་མཉམ་གནས་ཐུབ་ནས། མི་རིགས་མཐུན་སྒྲིལ་ཉིད་རྣམ་འགྱུར་ཞིག་དང་། རེ་སྙེག་ཅིག སྲོལ་རྒྱུན་ཞིག་བཅས་སུ་གྱུར་ནས་ཁོ་ཚོའི་ཁྲག་རྒྱུན་ནང་བཞུར་བཞིན་ཡོད་པ་རེད།