ལོ་རབས་80ཡི་ནང་སྐྱེས་པའི་ཚེ་རིང་དབྱངས་ཅན་2005ལོར་སྦྲ་ཆེན་རྫོང་བྱ་མང་ཤང་དུ་དགེ་རྒན་བྱེད་པར་ལས་བགོས་བརྒྱབ་པ་ནས་བཟུང་རང་ཉིད་ཀྱིས་དགའ་ཞེན་བྱེད་པའི་སློབ་གསོའི་ལས་གནས་ཐོག་ལས་ཀ་མཐའ་གཅིག་ཏུ་བྱས་པ་རེད།
ལོ་བཅུ་ལྷག་ཙམ་རིང་ཁོང་གིས་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་གྲུབ་འབྲས་བཏོད་པས་སློབ་མ་དང་། ཁྱིམ་བདག ལས་རོགས། འགོ་ཁྲིད་བཅས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད། ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ནས་རང་གིས་རང་ལ་རེ་བ་ནན་པོ་བཏོན་ཏེ་ལས་ཀ་དོ་དོ་ནན་ནན་བྱེད་པ་མ་ཟད། ཐོག་མཐའ་བར་གསུམ་དུ་འགན་འཁྲི་འཁུར་སེམས་ཆེན་པོ་དང་ལས་ཀའི་སྤྲོ་སེམས་ཆེན་པོར་བརྟེན་ནས་སློབ་གསོ་སློབ་ཁྲིད་ཀྱི་ལས་དོན་དེ་སྔར་བས་ཡག་པོ་སྒྲུབ་ཐུབ་པ་བྱེད་ཀྱི་ཡོད།
ལོ་མང་རིང་གི་སློབ་ཁྲིད་བརྒྱུད་རིམ་ཁྲོད་ཁོང་གིས་ཆེད་ལས་ཤེས་བྱ་ཁོང་དུ་ཧུར་ཐག་ཆུད་པར་བྱེད་པ་དང་སློབ་ཁྲིད་ཀྱི་རྩ་གནད་དང་སློབ་དེབ་ཀྱི་ནང་དོན་ལ་གོ་བ་གཏིང་ཟབ་བླངས་ནས་སློབ་ཁང་ནང་བབ་བསྟུན་སློབ་ཁྲིད་གང་ལེགས་བྱེད་ཀྱི་ཡོད་པ་རེད།
དགེ་རྒན་དཀྱུས་མ་ཞིག་བྱེད་སྐབས་ནས་བཟུང་སྔ་རྗེས་སུ་བྱ་མང་ཤང་ཆ་ཚང་སློབ་ཆུང་དུ་ལོ་ལྔའི་རིང་རྒྱ་ཡིག་སློབ་དཔྱོད་ཁང་གི་ཙུའུ་ཀྲང་གི་འགན་འཁུར་བ་དང་། གྲོང་གསེབ་ཀྱི་སློབ་གྲྭར་ཡིན་རུང་ཁོང་དང་ལས་རོགས་ཚོས་སྔར་བཞིན་ཐབས་ཤེས་ཡོད་རྒུ་བཏོན་ནས་སློབ་ཚན་གྲྭ་སྒྲིག་གང་ལེགས་བྱེད་པ་མ་ཟད། རྒྱ་ཡིག་ཚོགས་ཆུང་གི་སྣེ་ཁྲིད་དེ་ལས་དོན་གང་ཡག་བསྒྲུབས་པའི་ཁར་སློབ་ཁྲིད་བརྒྱུད་རིམ་ནང་རང་ཉིད་ཀྱིས་གྲ་སྒྲིག་བྱས་པའི་ཤེས་བྱ་དག་སྤྱོད་གང་ཐུབ་བྱེད་ཀྱི་ཡོད་པ་རེད།
ཀུན་སྤྱོད་ལ་བརྟེན་ནས་སྤྱོད་བཟང་དར་སྤེལ་དང་། བྱ་སྤྱོད་ལ་བརྟེན་ནས་སྤྱོད་བཟང་ཁྱབ་སྤེལ། གཏམ་བརྗོད་གཉིས་ཀྱི་ཐོག་ནས་མིག་དཔེ་འདོན་པ་བཅས་བྱས་ཡོད། ཚེ་རིང་དབྱངས་ཅན་གྱིས་མིག་དཔེ་ཕྲན་བུ་བཏོན་པར་ཕན་པ་ཆེན་པོ་ཐོབ་ཡོད། 2015ལོའི་ཟླ་9པར་ཚེ་རིང་དབྱངས་ཅན་གྱིས་སྦྲ་ཆེན་རྫོང་བྱ་མང་ཤང་བུ་བཅོལ་ཁང་གི་ཡོའན་ཀྲང་གི་འགན་འཁུར་བ་རེད། ཁོང་གིས“བུ་བཅོལ་ཁང་གི་དགེ་རྒན་ཕུལ་བྱུང་ཞིག་བྱེད་པར་སློབ་ཁྲིད་ཀྱི་ཉམས་མྱོང་ཁོ་ནར་བརྟེན་ན་གཏན་ནས་འགྲིག་ཐབས་མེད་པར་རང་ངོས་ཀྱི་གཞི་རྩའི་ཆུ་ཚད་ཁག་ཟམ་མི་ཆད་པར་མཐོ་རུ་བཏང་ནས་དུས་བབ་འཕེལ་རྒྱས་ལས་བུ་བཅོལ་ཁང་གི་དགེ་རྒན་ལ་བཏོན་པའི་བླང་བྱ་དང་འཚམ་པར་བྱེད་དགོས་པའི་མྱོང་ཚོར་ཟབ་མོ་བྱུང”ཞེས་བརྗོད་པ་རེད།
རང་ངོས་ཀྱི་རིག་གནས་ཆུ་ཚད་མཐོ་རུ་དང་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་ཆེད་ཁོང་གིས་གོ་སྐབས་བརྩོན་ལེན་བྱས་ནས་ལས་སྒོའི་སློབ་སྦྱོང་ཁག་ནང་ཞུགས་ཀྱི་ཡོད། ལས་སྒོ་སློབ་སྦྱོང་དང་ཉམས་མྱོང་ཡོད་པའི་དགེ་རྒན་དང་ཕན་ཚུན་སློབ་ཁྲིད་ཐད་ཀྱི་འགུལ་རྣམ་གསར་པ་དང་གནས་ཚུལ་གསར་པ་སྤེལ་རེས་བྱས་ཏེ་སྦྱངས་པ་གོ་ཆོད་ཡོང་བ་དང་ལས་དོན་བསྒྲུབས་ཚུལ་ལེགས་སུ་གཏོང་གི་ཡོད་པ་རེད།
བུ་བཅོལ་ཁང་ནང་དུའང་སློབ་མ་དབུལ་པོ་ཡོད། མིང་ལ་ཉི་མ་མཚོ་ཟེར་བའི་བུ་མོ་ཆུང་ཆུང་ཞིག་ཡོད་པ་དེ་རྒྱུན་དུ་སློབ་གྲྭའི་ནང་སྐད་ཆ་ཤོད་རྒྱུར་དགའ་པོ་མེད་ལ་ཀུན་དང་མཐུན་པོའང་དེ་ཙམ་མེད། ཕྱིས་སུ་ཁྱིམ་དུ་འཚམས་འདྲིར་བསྐྱོད་པས་ཚེ་རིང་དབྱངས་ཅན་གྱིས་ཁོ་མོ་ཕ་མ་གཅིག་ལས་མེད་པའི་བུ་ཕྲུག་ཡིན་ཁར་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་དཀའ་ཚེགས་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད། བུ་མོ་ཆུང་ཆུང་དེའི་ཨ་མས་ཉི་མ་མཚོ་དང་ཁོ་མོའི་གཅེན་མོ་གསོ་དགོས་པར་བརྟེན་རྒྱུན་དུ་ཉི་མ་མཚོས་གྱོན་པའི་སྟོད་གོས་ཚང་མ་གཅེན་མོས་གྱོན་མྱོང་ཡོད་པའི་སྟོད་གོས་རྙིང་པ་ཤ་སྟག་རེད། དགུན་ཁ་སླེབས་གྲབས་ཡོད་ཀྱང་ཉི་མ་མཚོས་ད་དུང་དབྱར་ཁའི་ལྷམ་གྱོན་པ་མཐོང་སྐབས། ཚེ་རིང་དབྱངས་ཅན་གྱིས་ལྐོག་ཏུ་བུ་མོ་དེར་སྲིང་བལ་གྱི་ལྷམ་ཞིག་ཉོས་ནས་བུ་མོའི་དཔེ་ཁུག་ནང་བླུགས་པ་རེད། ཉིན་གཉིས་པར་ཉི་མ་མཚོས་དགེ་རྒན་གྱིས་ཉོས་པའི་ལྷམ་གསར་པ་དེ་གྱོན་ནས་དགའ་དགའ་སྤྲོ་སྤྲོའི་ངང་སློབ་གྲྭར་ཡོང་བ་རེད། ལོ་ལྟར“དྲུག་གཅིག”བྱིས་པའི་དུས་ཆེན་གཏོང་སྐབས་ཚེ་རིང་དབྱངས་ཅན་གྱིས་ཁ་སྣ་ཚོགས་ལ་གཡར་ནས་ཉི་མ་མཚོར་སྟོད་གོས་གསར་པ་དང་འཚོ་བའི་མཁོ་ཆས་ཉོས་ཏེ་གྲོགས་པོ་ཆུང་ཆུང་གཞན་ཚང་མ་དང་འདྲ་བར་ཁོ་མོའི་སྤྲོ་སྣང་འཕེལ་བར་བྱེད་ཀྱི་ཡོད་པ་རེད།
འབྲོག་ཁུལ་གྱི་ཁོར་ཡུག་ཆ་རྐྱེན་ཞན་པའི་དབང་གིས་ཕྲུ་གུ་མང་པོ་ཞིག་གིས་གཙང་སྦྲར་དོ་སྣང་བྱེད་ཀྱི་མེད། སློབ་གྲྭར་ཡོང་སྐབས་ཕྲུ་གུ་ལ་ལས་སྣབས་རྟུག་གློད་པ་དང་། ལྟོ་ཆས་མ་ཟས་གོང་ལག་པ་མི་འཁྲུ་བ། མ་ཉལ་གོང་རྟག་ཏུ་རྐང་པ་མི་འཁྲུ་བ་སོགས་ཀྱི་གོམས་གཤིས་ངན་པ་ཡོད་པར་བརྟེན་བུ་བཅོལ་ཁང་ནང་འཛུལ་བའི་ཉིན་དང་པོ་ནས་བཟུང་ཚེ་རིང་དབྱངས་ཅན་དང་དགེ་རྒན་ཚོས་གནས་ཚུལ་དེ་དག་འགག་སྒྲོལ་ལས་འགན་དུ་བརྩིས་ཡོད་པ་རེད། རང་ཉིད་ཀྱི་བུ་ཕྲུག་ལ་གཅེས་སྐྱོང་བྱེད་པ་བཞིན་རྟག་ཏུ་ཕྲུ་གུ་ཚོའི་སྣབས་རྟུག་འཕྱིས་པ་དང་ངོ་གདོང་དང་རྐང་པ་འཁྲུ་རོགས་བྱེད་པ་སོགས་གཅེས་སེམས་ལ་བརྟེན་ནས་ཕྲུ་གུ་ཚོར་དྲོ་སྐྱིད་མཚོན་པར་བྱེད་ཀྱི་ཡོད། དེ་ལྟར་ཚེ་རིང་དབྱངས་ཅན་གྱིས་རྒྱུན་མི་ཆད་པར་ཕྲུ་གུ་ཚོའི་ཆེད་དུ་འབད་པ་བྱས་པས་མཐར་ངལ་དུབ་ཀྱིས་མནར་ནས་མཁལ་མའི་ན་ཚ་ཕོག འོན་ཀྱང་ཕྲུ་གུ་ཚོའི་ཕྱོགས་གང་ཅི་ཐད་ལ་ཉིན་རེ་ལས་མ་འདས་པར་འགྱུར་ལྡོག་བྱུང་བ་དང་ལག་ཆུང་གཡུག་བཞིན་དུ་རྒན་ལགས་རྗེས་སུ་མཇལ་ཡོང་ཞེས་བརྗོད་པ་མཐོང་སྐབས་སེམས་ནང་དགའ་ལྷང་ལྷང་གི་ཚོར་སྣང་ཞིག་ཡོང་གི་ཡོད།
སློབ་ཁྲིད་མི་སྐྱོང་གི་ལམ་བུའི་ཐོག་ཚེ་རིང་དབྱངས་ཅན་གྱིས་སེམས་ནུས་ཚད་མེད་བཏོན་པ་དེས་གཞི་རིམ་གྱི་སློབ་གསོ་གོང་འཕེལ་ལ་ཕན་ནུས་ཆེན་པོ་ཐོན་འབྲོག་ཁུལ་གྱི་ཕྲུ་གུ་ཚོར་མཛེས་སྡུག་ལྡན་པའི་ལོ་ཆུང་བྱིས་པའི་དུས་ཞིག་སྐྱེལ་རྒྱུ་ཡོང་གི་ཡོད་པ་རེད།