དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མཐའ་མཚམས་འདི་ན་བཞད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-10-13

    དུས་ཡུན་རིང་པོའི་ནང་། མཚོ་སྣ་རྫོང་གིས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པའི་ཁར“བརྟན་ལྷིང་དང་། མཐུན་སྒྲིལ། འབྱོར་ཕྱུག”བཅས་ཡོང་བར་བྱེད་པའི་ལས་ཀའི་དམིགས་ཚད་ལ་བསྡིགས་ནས“མཐའ་དར་དམངས་ཕྱུག”གི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ་དང“དམངས་གཅེས་མཐའ་བརྟན”གྱི་བྱ་སྤྱོད་ཧུར་ཐག་སྤེལ་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མེས་རྒྱལ་གྱི་མཐའ་མཚམས་སུ་རྣམ་པར་བཞད་པར་བྱས་ཡོད།

    སློབ་གསོར་མཐོང་ཆེན་གྱིས་མི་རིགས་མཐུན་སྒྲིལ་མང་ཚོགས་ཀྱི་སེམས་སུ་འཇགས་པར་བྱས་པ།

    ཉེ་ཆར་གསར་འགོད་པ་མཚོ་སྣ་རྫོང་སློབ་འབྲིང་ལ་སྐྱོད་སྐབས། འདི་གའི་དགེ་སློབ་ཀྱིས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི“མི་རིགས་མཐུན་སྒྲིལ་གྱི་སློབ་ཚན”ཏེ་མི་རིགས་མཐུན་སྒྲིལ་གྱི་སྙིང་པོར་གྱུར་པའི་མོན་པའི་ཞབས་བྲོ་ཨ་ཅེ་ལྷ་མོ་ཞེས་པ་འཁྲབ་ཀྱིན་འདུག

    “མཚོ་སྣ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་མཐོང་ཆེན་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་དོན་ཆེན་ཞིག་ཏུ་བརྩིས་ཏེ་མཐའ་འཁྱོངས་བྱས་པ་དང་མི་རིགས་མཐུན་སྒྲིལ་གྱི་ས་བོན་ས་གཞི་ཆེན་མོར་བཏབ་ཡོད”ཅེས་མཚོ་སྣ་རྫོང་གི་རྫོང་དཔོན་ཕུར་རྡོར་གྱིས་གསར་འགོད་པར་བཤད་བྱུང་།

    ལོ་ཤས་རིང་། མཚོ་སྣ་རྫོང་གིས་རྒྱུན་གཏན་སློབ་གསོ་དང་གཅིག་སྡུད་སློབ་གསོ་ཟུང་དུ་འབྲེལ་བ་དང་། “3·28ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ”དང་། “ཚངས་དབྱངས་རྒྱ་མཚོའི་ཡུལ་སྐོར་རིག་གནས་དུས་ཆེན” མི་རིགས་མཐུན་སྒྲིལ་གྱི་ཟླ་བ། བོད་ཀྱི་ལོ་གསར་སོགས་ཀྱི་དུས་མཚམས་སུ་ཆེད་དོན་འཆད་ཁྲིད་དང་། རིག་རྩལ་འཁྲབ་སྟོན། འཕྲེད་འགེལ་སྦྱར་ཡིག་དང་འབོད་ཚིག་སྦྱར་བ་སོགས་བྱས་ནས“རྒྱལ་གཅེས་རིང་ལུགས”དང་། “མཉམ་སྡེབ་རིང་ལུགས”“མཐའ་མཚམས་མི་དམངས་ཀྱི་སློབ་གསོ” “མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་ཏང་གི་མི་རིགས་སྲིད་ཇུས” “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློའི་སློབ་གསོ་སོགས་ཀྱི་བྱེད་སྒོ་གཉེར་ནས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་རྒྱུན་མི་ཆད་པར་ཟབ་ཏུ་བཏང་སྟེ། ཞི་བདེ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་ཀྱི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས། མི་རིགས་ཁག་ཞི་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། འཆམ་མཐུན་ངང་འཕེལ་རྒྱས་བཅས་ཡོང་བར་སྐུལ་མ་བཏང་ཡོད།

    འཕེལ་རྒྱས་ལ་དམ་འཛིན་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་བཏང་བ།

    ཉེ་བའི་ལོ་ཤས་རིང་། མོན་པ་མི་རིགས་ཤང་མག་མང་གྲོང་ཚོ་ནི་ཉེ་རིང་གང་སར་སྐད་གྲགས་ཡོད་པའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཞིག་རེད། གྲོང་ཚོ་ཡོངས་སུ་ཐེམ་དུད་66ཡོད་པ་ལས་51གིས་ཁྱིམ་ཚང་མགྲོན་ཁང་གཉེར་ནས“ཡུལ་སྐོར་ཡོང་འབབ”བསགས་ཏེ་ཕྱུག་འགྱུར་ལམ་དུ་བསྐྱོད་ཡོད།

    “བསམ་ཡུལ་ལས་འདས་པ་ཞིག་ལ་ང་ཚོའི་ཁྱིམ་ཡང་དབུལ་པོའི་གནས་ལས་བསྒྲལ་ནས་ཕྱུག་པོ་ཆགས་སོང”ཞེས་མག་མང་གྲོང་ཚོའི་གྲོང་མི་བསོད་ནམས་ཆོས་སྒྲོན་གྱིས་དགའ་བ་གནོན་མི་ཐུབ་པའི་ངང་དེ་ལྟར་བཤད། ཁོང་གིས“ཕྱུག་པོ་ཆགས་པ་ཏང་གི་བཀའ་དྲིན་ཡིན། གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་མེད་ཚེ། ང་ཚོར་འཚོ་བ་སྐྱིད་པོ་འདི་འདྲ་ཡོང་མི་ཐུབ། འཚོ་བ་སྐྱིད་པོ་འདི་ཏང་གི་ཡང་དག་པའི་འགོ་ཁྲིད་དང་མི་རིགས་ཁག་གི་མང་ཚོགས་ཀྱི་རོགས་རམ་ལ་བརྟེན་ནས་བྱུང་བ་ཞིག་རེད། ཡུལ་སྐོར་བ་མང་པོ་འདི་འདྲ་མ་སླེབས་ཚེ། ང་ཚོ་ཕྱུག་པོ་མགྱོགས་པོ་འདི་འདྲ་ཆགས་མི་ཐུབ”ཅེས་བཤད།

    “ཁྱིམ་ཚང་མགྲོན་ཁང་གཉེར་མཁན་དུད་ཁྱིམ་ལ་མང་ཤོས་སུ་ལོ་གཅིག་ལ་སྒོར་ཁྲི་10ལྷག་ཙམ་རག་གི་ཡོད་པ་དང་ཉུང་ཤོས་ལའང་སྒོར་ཁྲི་3ནས་4བར་རག་གི་ཡོད། ད་ཆ་གྲོང་ཚོར་མི་རེ་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ཡན་ཟིན་ཡོད”ཅེས་མག་མང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཅིག་ལྕོགས་ཚེ་རིང་གིས་དགའ་ཚོར་ཆེན་པོའི་ངང་ནས་གསར་འགོད་པར་བཤད་བྱུང་།

    མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལ་བདག་སྐྱོང་ཡག་པོ་བྱས་པ།

    “ད་ཆ་མཚོ་སྣ་རྫོང་གིས་མཉམ་དུ་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ཐོག་དར་རྒྱས་ཕུན་ཚོགས་ཡོང་བའི་རྣམ་པ་བཟང་པོ་ཞིག་གཏོད་ཐུབ་དོན་ནི། སྐབས་རིམ་བྱུང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མཐོང་ཆེན་གནང་བ་དང་ཁ་འབྲལ་ཐབས་མེད”ཅེས་ཕུར་རྡོར་གྱིས་གསར་འགོད་པར་བཤད་ཅིང་། ཁོང་གིས“ལོ་ཤས་རིང་། མཚོ་སྣ་རྫོང་གིས་དོ་དམ་གྱི་ཐབས་ཤེས་དང་བྱེད་ཐབས་མང་པོ་བཏོན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་རྡོ་བརྟན་དུ་བཏང་ཡོད”ཅེས་བཤད།

    —— “དམངས་གཅེས་མཐའ་བརྟན”གྱི་བྱེད་སྒོ་ཤུགས་ཆེན་སྤེལ་བ། བཅའ་སྡོད་དཔུང་སྡེའི་དཔོན་དམག་བཅའ་སྡོད་བྱ་ཡུལ་གྱི་ཉེ་འཁོར་གྱི་མང་ཚོགས་ཀྱི་འགལ་བ་དང་རྩོད་གཞི་འདུམ་འགྲིག་ལ་ཞུགས་རྒྱུ་སྐུལ་སློང་བྱས་ནས་དམག་དམངས་ཞི་མཐུན་གྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་ངང་བཏོད་ཡོད།

    —— དགོན་སྡེའི་གྲྭ་བཙུན་ལ་ཞབས་འདེགས་ཞུ་བའི་དོ་དམ་ལ་ཤུགས་སྣོན་རྒྱག་ཤུགས་ཆེ་རུ་བཏང་ནས་གྲྭ་བཙུན་གྱི་རྒྱལ་གཅེས་བསམ་པ་རྒྱུན་མི་ཆད་པར་ཟབ་ཏུ་དང་། རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོར་ཐེར་འདོན་དགག་རྒྱག་བྱེད་པའི་རང་འགུལ་བསམ་བློ་ཆེ་རུ་བཏང་ཡོད།

    —— མི་འབོར་ཉུང་བའི་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་ཤུགས་ཆེན་བྱས་ནས་མི་འབོར་ཉུང་བའི་མི་རིགས་ཀྱི་ཤེས་ལྡན་པའི་ལས་གཏོད་ལ་ཐོགས་མེད་ཀྱི་བགྲོད་ལམ་ཞིག་བཤངས་ནས་མི་འབོར་ཉུང་བའི་མི་རིགས་ཀྱི་ཤེས་ལྡན་པ་རང་ཡུལ་ལ་ལོག་ནས་ལས་གཏོད་ཀྱི་ལས་ཀའི་ལམ་སྲོལ་ཞིག་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།