དབུ་ཤོག>གསར་འགྱུར།
  • བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-30

    ལྗོངས་ཡོངས་ཀྱི་གོང་འོག་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“7·26”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བའི་དུས་སྐབས་གལ་ཆེན་འདིར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་དེ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས་ང་ཚོས་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་མ་ཟད་གཟེངས་བསྟོད་ཐོབ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་མི་སྒེར་ལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན།

    ད་ཐེངས་ཀྱི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་དོན་འཁྱོལ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་བཀོད་སྒྲིག་བྱས་པ་རེད། ཚོགས་འདུའི་ཐོག་ཕྱོགས་ཁག་གི་སྟོབས་ཤུགས་ལ་མཐུན་སྒྲིལ་དང་སྐུལ་སློང་བྱས་ཏེ་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་འགངས་ཆེན་ལྡན་ལ་ཤུགས་རྐྱེན་ཆེན་པོ་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཏུ་བྱ་སྤྱོད་མྱུར་དུ་སྤེལ་ནས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ཡག་པོ་བྱེད་པ་དང་། གོ་བ་ཡག་པོ་ལེན་པ། དྲིལ་བསྒྲགས་ཡག་པོ་བྱེད་པ། ལག་ལེན་ཡག་པོ་བསྟར་བ་བཅས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ད་ཐེངས་ཀྱི་ཚོགས་འདུའི་བཀོད་སྒྲིག་དང་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་བྱས་ནས་སྤྲོ་སེམས་དེ་བས་ཁེངས་པ་དང་སྤྱོད་ཚུལ་དེ་བས་ཏན་ཏིག་གི་སྒོ་ནས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་མུ་མཐུད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

    རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་ཆེད་མངགས་གནང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་བཀོད་སྒྲིག་བླང་བྱ་ལྟར་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཟམ་མི་ཆད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་བས་མི་རིགས་ཁག་གི་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་དེ་བས་རང་རྟོགས་སུ་གྱུར་ནས་མི་རིགས་ཁག་དབར་གཅེན་གཅུང་ལྟར་བརྩེ་དུང་ཟབ་པ་དང་། འཆམ་མཐུན་མཉམ་གནས། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་དེ་བས་ཟབ་ཏུ་སོང་ཡོད། མི་རིགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་མེས་རྒྱལ་གཅིག་གྱུར་དང་མཐའ་མཚམས་སྲ་བརྟན་དང་འབྲེལ་བ་ཡོད་པའི་དོན་ཆེན་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་དོན་ཆེན། བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པའི་དོན་ཆེན་བཅས་ཡིན་པ་ལག་ལེན་ཁྲོད་ནས་ར་སྤྲོད་བྱུང་ཡོད།

    མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་མི་རིགས་མཐུན་སྒྲིལ་ཡག་པོ་བྱེད་དགོས་པ་དང་སྤྱོད་གོ་ཆོད་ཤོས་ནི་མི་སེམས་ཐོབ་ཐུབ་པ་དེ་རེད། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་ཏན་ཏིག་བརྩིས་ཏེ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། མཐུན་རྐྱེན་མཐའ་དག་ཆེས་རྒྱ་ཁྱབ་དང་གང་ལེགས་ངང་སྐུལ་སློང་བྱས་ཏེ་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེ་མོའི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་དམངས་འཚོར་དམ་པོར་དམིགས་ནས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་འཕེལ་བརྟན་གསུམ་གྱི་གྲུབ་འབྲས་མཉམ་སྐྲུན་དང་མཉམ་སྤྱོད་ཐུབ་པ་བྱེད་དགོས་པ། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་དཔེ་མཚོན་ཤེས་རྟོགས་དང་། དཔེ་མཚོན་གཏོད་པ། དཔེ་མཚོན་དར་སྤེལ་བཅས་བྱས་ཏེ་སྔོན་ཐོན་དཔེ་མཚོན་དང་དཔེ་བཟང་བྱས་རྗེས་ཁག་གི་ཁྲིད་སྟོན་དང་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་ཡི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་མོས་སེམས་རྒྱུན་ཆད་མེད་པར་ཤུགས་ཆེར་བཏང་ཐོག་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྟག་ཏུ་བཞད་པར་བྱེད་དགོས་པ་བཅས་རེད།

    མི་རིགས་མཐུན་སྒྲིལ་ནི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་དང་འགན་འཁྲི་ལྕི་པོ་ཡོད། མིག་སྔར་རང་ལྗོངས་འདི་ཉིད་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས་ང་ཚོས་ངེས་པར་དུ་འཐབ་ཇུས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་སྒྲུབ་པའི་ཧ་ཅང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་སྒྲེང་བ་དང་། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་བརྗོད་དོན་གཙོ་བོ་ཁོང་དུ་ཡག་པོ་ཆུད་པ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་ནས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།