དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་ཝ་པ་གླིང་སྡེ་ཁུལ་གྱིས་ལག་གདང་སྦྲེལ་ནས་མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་བརྩམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-23

    “ཚང་མའི་འཛུམ་མདངས་ནི་བདེ་སྐྱིད་ཚོར་སྣང་གི་མཚོན་ཚུལ་ཞིག་རེད། བདེ་སྐྱིད་ཀྱི་ཚོར་སྣང་ནི་ལོ་འདི་དག་ནང་སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ལས་དོན་ཏན་ཏིག་སྤེལ་བ་ལས་བྱུང་བ་ཞིག་ཡིན”ཞེས་ཝ་པ་གླིང་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་སྐལ་བཟང་གིས་སྤོབས་སེམས་ཆེན་པོའི་ངང་དེ་ལྟར་བརྗོད་ཀྱི་འདུག

    1988ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་མཉམ་སྡེབ”ལ་བདམས་པ་ནས་བཟུང་ཝ་པ་གླིང་སྡེ་ཁུལ་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་དགའ་སྣ་ཚོགས་ཁྱོན་ཁག་16ཐོབ་པ་དང་། དེའི་ནང་རྒྱལ་ཁབ་རིམ་པའི་བྱ་དགའ་ཁག་4དང་། རང་སྐྱོང་ལྗོངས་རིམ་པའི་བྱ་དགའ་ཁག་6 ལྷ་ས་གྲོང་ཁྱེར་རིམ་པའི་བྱ་དགའ་1 ཁྲེང་ཀོན་ཆུས་རིམ་པའི་བྱ་དགའ་2 ཁྲོམ་གཞུང་དོན་གཅོད་ཁྲུའི་བྱ་དགའ་3 བཅས་ཡོད་པ་དང་། སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་དཔེ་སྟོན་ས་ཚིགས་དང་། ལྷ་ས་གྲོང་ཁྱེར་གྱི“བདུན་སྤེལ”ཚོད་ལྟའི་ཚན་པ་སོགས་སུ་བདམས་ཡོད།

    ཝ་པ་གླིང་སྡེ་ཁུལ་དེ་ཉིད་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྐྱིད་རས་ཁྲོམ་གཞུང་དོན་གཅོད་ཁྲུའི་ཁོངས་སུ་གཏོགས་པ་དང་། ཁོངས་གཏོགས་དེའི་ནང་རྒྱ་རིགས་དང་། བོད་རིགས། ཧུད་རིགས། པའེ་རིགས། ཡུ་གུར་རིགས་སོགས་མི་རིགས་9ཡོད་པ་དང་། རྒྱུན་སྡོད་དང་ཕྱོགས་མི་8700ལྷག་ཙམ་ཡོད།

    མི་རིགས་མཐུན་སྒྲིལ་གྱི་སྐོར་གླེང་སྐབས་སྐལ་བཟང་གིས་མྱོང་ཚོར་ཟབ་མོའི་ངང་གསར་འགོད་པར་གནས་ཚུལ་ཐུང་ངུ་ཞིག་གླེང་བ་སྟེ།ཧུད་རིགས་བགྲེས་སོང་མ་ཞའོ་མིང(གསང་མིང)ནི་ཁེར་རྐྱང་བཟོ་ཚོང་དུད་ཚང་ཞིག་ཡིན་ཞིང་། ཁོང་དང་ཕྲུ་གུས་མཉམ་དུ་ཝ་པ་གླིང་སྡེ་ཁུལ་དུ་གཟུགས་པོ་འཁྲུ་ས་ཞིག་བཙུགས་ཡོད་པ་དང་། རྗེས་སུ་ཕྲུ་གུ་གཉེན་སྒྲིག་བྱས་རྗེས་མ་ཞའོ་མིང་ཡང་རང་གི་ཚ་མོའི་སྤོ་བོར་གྱུར། ནང་མི་ཚང་མས་འབྱུང་འགྱུར་བདེ་སྐྱིད་ལྡན་པའི་འཚོ་བར་རེ་སྒུག་ཆེན་པོ་བྱེད་པའི་སྐབས་སུ་ཡ་ང་སྙིང་རྗེ་མེད་པའི་འཁོར་འཛོལ་ཞིག་ནང་ཁོང་གི་ཕྲུ་གུའི་སྲོག་ཤོར། མུ་གེའི་སྒང་ལ་ཟླ་ལྷག་ཅེས་པ་ལྟར་དེའི་སྐབས་སུ་ཁོང་གི་ཚ་མོ་སློབ་ཆུང་དུ་ཚུད། ཡིན་ནའང་མ་ཞའོ་མིང་གི་ནང་མི་ཚང་མ་ཕྱོགས་མིའི་ཁོངས་སུ་གཏོགས་པ་མ་ཟད། ཐེམ་ཐོའང་བརླགས་པས་ཁོང་གི་ཚ་མོ་ཉེ་འཁོར་སློབ་ཆུང་དུ་སློབ་གྲྭར་སྐྱོད་ཐབས་བྲལ་བར་གྱུར།

    སྡེ་ཁུལ་གྲོང་ལྷན་གྱིས་གནས་ཚུལ་དེ་ཤེས་རྗེས་འཕྲལ་མ་ཉིད་དུ་མ་ཞའོ་མིང་ཁྱིམ་ལ་རོགས་རམ་བྱས་པ་སྟེ། ལས་དོན་མི་སྣས་དུས་བཀག་བཞིན་ཁོང་ལ་བལྟ་བར་བསྐྱོད་པ་དང་འབྲེལ་ཕྱོགས་ཁག་དང་མཐུན་སྦྱོར་བྱས་པ་བརྒྱུད་ཁོའི་ཚ་མོར་སློབ་གྲྭར་སྐྱོད་པའི་གནད་དོན་ཐག་གཅོད་བྱས།

    “འདི་གར་འཚོ་བ་སྐྱེལ་རྒྱུ་བྱུང་བས་དངོས་གནས་ཡག་པོ་འདུག འདི་ཁུལ་གྱི་མི་རིགས་གཞན་པའི་སྤུན་གྲོགས་ཚོས་ང་ལ་ལྟ་རྟོག་ཡག་པོ་བྱེད་ཀྱི་འདུག་པས་ཁྱིམ་ཚང་གཅིག་ལྟར་གྱི་སྣང་བ་ཡོང་གི་འདུག”ཅེས་མིག་ལ་མཆི་ཞག་འཁོར་བཞིན་མ་ཞའོ་མིང་གིས་བཤད་བྱུང་།

    སྐལ་བཟང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཝ་པ་གླིང་སྡེ་ཁུལ་གྱིས་བོད་རིགས་དང་། རྒྱ་རིགས། ཧུད་རིགས་བཅས་མི་རིགས་གསུམ་ལས་གྲུབ་པའི་སྡེ་ཁུལ་གྱི་རིག་རྩལ་འཁྲབ་སྟོན་རུ་ཁག་ཆུང་གྲས་བཙུགས་ནས་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་བྱས་པ་མ་ཟད། ད་དུང་ལོ་ལྟར་གྱི་ཟླ་མཆོད་དུས་ཆེན་དང། ཞོ་སྟོན། ཁུར་པན་དུས་ཆེན་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དུས་ཆེན་སྐབས་ཁོངས་གཏོགས་ནང་གི་མི་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཟའ་བཅའ་ཟ་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་མི་རིགས་ཁག་དབར་ཕན་ཚུན་རྒྱུས་མངའ་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་བསྟུན་མཁས། ཕན་ཚུན་དགའ་པོ། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བཅས་བྱེད་རྒྱུར་སྐུལ་འདེད་བཏང་ཡོད།

    “སྔར་ནས་བཟུང་ང་ཚོས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་དེ་སྡེ་ཁུལ་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩིས་ནས་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་གྲོང་མིའི་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་ཧུར་ཐག་བཏང་ཐོག་ཞི་མཐུན་སྡེ་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་མྱུར་པོ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད”ཅེས་སྐལ་བཟང་གིས་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།