“ཁོང་བཟའ་ཟླ་གཉིས་པོ་ནི་ང་ཚོའི་མིག་དཔེ་རེད”
“ངོ་ཤེས་ནས་ཡུན་རིང་སོང་ཡང་ཁོང་གཉིས་འཁྲུག་རྩོད་རྒྱག་པ་མཐོང་མྱོང་མེད”
མཚོ་སྣ་རྫོང་ལེགས་པོ་རོང་དུ་མོན་པ་རིགས་དང་པའེ་རིགས་གཉེན་སྒྲིག་བྱས་པའི་བཟའ་ཚང་ཞིག་ཡོད་པ་དང་ཁོང་གཉིས་པོ་ནི་མི་ཚོས་མིག་དཔེར་འཛིན་པའི་བཟའ་ཚང་ཡག་པོ་ཞིག་རེད། དཔལ་ལྡན་མཚོ་མོ་ནི་མོན་པ་རིགས་ཡིན་པ་དང་ཁོང་གི་བཟའ་ཟླ་ཙེ་ཧྲའོ་ཝུན་ནི་པའེ་རིགས་རེད། ལོ་ཉི་ཤུ་ལྷག་ཙམ་རིང་མི་རིགས་མི་འདྲ་བ་གཉིས་ལས་གྲུབ་པའི་ཁྱིམ་ཚང་དེར་འཆམ་མཐུན་དང་བརྩེ་དུང་ཟབ་མོ་ལྡན་ཡོད།
དཔལ་ལྡན་མཚོ་མོ་མཛེས་སྡུག་ལྡན་པའི་ལེགས་པོ་རོང་དུ་སྐྱེས་པ་དང་ཆུང་དུས་ནས་དཔུང་སྡེར་འཚར་ལོངས་བྱུང་བས་གཤིས་ཀ་བསམ་ཕོད་པ་དང་བྱེད་ཕོད་པ་ཞིག་ཡོད། འཚོ་བའི་ཁོར་ཡུག་གི་ཤུགས་རྐྱེན་འོག་ཁོང་དམག་དཔུང་ལ་དགའ་ཞེན་ཆེ་བ་དང་དམག་དཔུང་འཛུགས་སྐྱོང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད། 1995ལོར་ཁོང་དང་ཙེ་ཧྲའོ་ཝུན་གཉེན་སྒྲིག་བྱས་པ་རེད།
“གཉེན་སྒྲིག་བྱས་པ་ནས་བཟུང་། ང་གཉིས་དབར་འཁྲུག་པ་ཐེངས་གཅིག་ཀྱང་ཤོར་མྱོང་མེད། ཁོང་གིས་ང་ལ་ཧ་ཅང་ཡག་པོ་བྱེད་ཀྱི་ཡོད་པས་ཁོང་ལྟ་བུའི་བཟའ་ཟླ་ཞིག་བྱུང་བ་ནི་ངའི་བསོད་ནམས་ཡིན”ཞེས་དཔལ་ལྡན་མཚོ་མོས་བཤད། བཟའ་ཟླ་ཕན་ཚུན་ཙམ་མ་ཟད། ཁྱིམ་མཚེས་གཡས་གཡོན་ལ་དཀའ་ངལ་འཕྲད་སྐབས་ཁོང་གཉིས་པོས་སེམས་རྩ་འཁོལ་པོས་རོགས་རམ་བྱེད་ཀྱི་ཡོད། ལྷག་པར་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་དང་ལེགས་པོར་གླ་པ་རྒྱུག་པ་དང་ཚོང་རྒྱག་མཁན་རྒྱ་རིགས་བློ་མཐུན་དང་འབྲེལ་བ་ཧ་ཅང་ཡག་པོ་ཡོད། ཁོང་གཉིས་པོས་རྟག་ཏུ་རྒྱ་རིགས་བློ་མཐུན་ཁྱིམ་དུ་གདན་འདྲེན་པ་དང་གྲངས་ཉུང་མི་རིགས་ཀྱི་ཞིམ་ཟས་མང་པོ་བཟོས་ཏེ་སྣེ་ལེན་གཟབ་རྒྱས་ཞུ་གི་ཡོད། དུས་རྒྱུན་ནས་སེམས་རྩ་འཁོལ་པོ་ཡོད་པས་དཀའ་ངལ་འཕྲད་སྐབས་ཁྱིམ་མཚེས་ཚང་མས་ནུས་ཤུགས་ཡོད་རྒུས་ཁོང་གཉིས་ལ་རོགས་རམ་བྱེད་ཀྱི་ཡོད།
འཚོ་བའི་ཐད་མི་གཞན་ལ་སེམས་རྩ་འཁོལ་བའི་དཔལ་ལྡན་མཚོ་མོ་ལས་ཀ་དེ་བས་ཧུར་པོ་ཡོད། ཁོང་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པ་དང་བཅུ་གཅིག་པའི་འཐུས་མི་དང་མཚོ་སྣ་རྫོང་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པ་དང་བཅུ་གཉིས་པའི་འཐུས་མི་རེད། ད་ལྟ་ལྷོ་ཁ་གྲོང་ཁྱེར་མི་རིགས་ཆོས་ལུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པའི་འགན་འཁུར་གྱི་ཡོད། ལས་དོན་སྒྲུབ་རིང་ཁོང་གིས་མི་རིགས་ཁག་གི་ལས་བྱེད་ལས་བཟོ་དང་མཐུན་སྒྲིལ་ཡག་པོ་བྱེད་པ་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་ལག་ལེན་ཏན་ཏིག་བསྟར་བ། ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། འགན་འཁྲི་འཁུར་ཕོད་པ། མི་རིགས་གཞན་དག་གི་ལས་བྱེད་པ་འཚར་ལོངས་ལ་བརྒྱུད་རོགས་ཁྲིད་གསུམ་གྱི་ནུས་པ་འདོན་སྤེལ་བྱེད་པ། རྒྱུན་འཛིན་པ་གསོ་སྐྱོང་ཤུགས་ཆེན་བྱེད་པ། ལས་བྱེད་དཔུང་ཁག་གི་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་ཧུར་ཐག་གཏོང་གི་ཡོད།
དཔལ་ལྡན་མཚོ་མོས་རང་ཉིད་ཀྱིས་ལོ་དེ་དག་རིང་རྒྱུན་འཁྱོངས་ལྷོད་མེད་ངང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་དོན་ནི་ཏང་གིས་རང་ཉིད་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་བས་ཡིན། ཏང་གིས་གསོ་སྐྱོང་བྱས་མེད་ན་ང་ལ་ད་ཆའི་འཚར་ལོངས་དང་ཡར་རྒྱས་ཡོང་མི་སྲིད་ཅེས་བཤད། ཁོང་གིས་དེ་ལྟར་རྒྱུན་ཆད་མེད་པར་མཐའ་མཚམས་དང་མི་རིགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་བ་དང་སེམས་ནུས་ཡོད་རྒུས་སྤྱི་ཚོགས་ལ་ལེགས་སྐྱེས་ཕུལ་ནས་མི་རིགས་མཐུན་སྒྲིལ་མི་ཉམས་ཡུན་གནས་དང་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མཚོ་སྣར་དེ་བས་བཀྲག་མདངས་ལྡན་པའི་ངང་བཞད་པར་བྱས་པ་རེད།