ངའི་མིང་ལ་ཟླ་བ་ལྷུན་གྲུབ་ཟེར་བ་དང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྲང་པ་གྲོང་ཚོའི་གྲོང་མི་དཀྱུས་མ་ཞིག་ཡིན། ལོ་ལྔ་ཡི་ནང་ངའི་ཁྱིམ་ཚང་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ནས་དབུལ་སྒྲོལ་བདེ་བླག་བྱུང་བ་མ་ཟད། ད་དུང་ཇ་ཁང་བཙུགས་པ་དང་སྡོད་ཁང་གསར་པ་བརྒྱབ་པས་ལོའི་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་ཡོང་གི་འདུག་ཅེས་བཤད།
ལོ་འགའི་གོང་ང་ཀླད་ཁྲག་འདྲེས་པ་དང་དབང་པོ་སྐྱོན་ཅན་དུ་གྱུར་ནས་རྐང་ལག་འགུལ་མི་ཐུབ་པས་ལས་ཀ་བྱེད་ཐབས་བྲལ། སྨན་བཅོས་འགྲོ་གྲོན་དང་། ཕྲུ་གུ་གཉིས་ཀྱི་སློབ་ཡོན། རྒྱུན་གཏན་གྱི་འཚོ་བའི་འགྲོ་གྲོན་བཅས་ཚང་མར་ཡོང་ཁུངས་གང་ཡང་མེད་པས་ང་ཚོའི་ཁྱིམ་ཚང་ཡང་གྲོང་ཚོའི་ནང་གི་དུད་ཚང་དབུལ་པོར་གྱུར།
ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་རམ་བྱེད། སྲིད་གཞུང་གིས་ངའི་ཁྱིམ་ཚང་གི་དཀའ་ངལ་ཤེས་རྗེས་ང་ལ་རོགས་སྐྱོབ་དངུལ་སྒོར་ཁྲི་3གནང་བ་མ་ཟད་ད་དུང་ང་ལ་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་འགན་བཅོལ་ཡང་གཉེར་རོགས་བྱས་བྱུང་། ཚང་མའི་ཐུགས་ཁུར་དང་རོགས་རམ་འོག་རང་ཉིད་ཀྱི་ནད་གཞི་ཡང་རིམ་བཞིན་དྲག་སྐྱེད་བྱུང་ནས་འཚོ་བའང་རིམ་བཞིན་ཇེ་ལེགས་སུ་ཕྱིན། རྗེས་སུ་རང་ཉིད་ཀྱིས་ཇ་ཁང་ཆུང་ཆུང་ཞིག་བཙུགས་པ་དང་།ཉིན་ལྟར་ང་དང་བཟའ་ཟླས་ཤ་མོག་དང་། བོད་ཐུག ལ་ཕིང་བཅས་བཟོས་ནས་ཡུལ་སྐོར་བ་དང་གྲོང་མིར་བཙོངས་ཀྱི་ཡོད། ཚོང་ཡག་སྐབས་ཉིན་གཅིག་ལ་སྒོར་ཉིས་བརྒྱ་སུམ་བརྒྱ་ཙམ་ཡོང་གི་འདུག དེ་མིན། གྲོང་ཚོའི་བོད་ཁྱིམ་སྤྲོ་སྐྱིད་ཁང་གི་མཉམ་ལས་ཁང་གིས་ཀྱང་ངའི་བཟའ་ཟླར་ལས་ཀ་ཞིག་སྤྲད་པས་ལོ་ལྟར་ཡོང་འབབ་མི་ཉུང་བ་ཞིག་ཡོང་གི་འདུག་ཅེས་བཤད།
ད་ཆ། ང་ཚོའི་ཁྱིམ་ཚང་དབུལ་སྒྲོལ་བྱུང་ནས་ཡོང་འབབ་བརྟན་པོ་ཡོད་པ་མ་ཟད་ངའི་བུ་མོ་རྒན་པའང་རང་ཉིད་ཀྱི་རེ་བ་བྱེད་པའི་སློབ་ཆེན་ལ་ཚུད་པ་དང་བུ་མོ་ཆུང་བ་སློབ་ཆུང་འགྲིམ་བཞིན་ཡོད་ལ་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་བཟང་པོ་ལོངས་སྤྱོད་བྱེད་བཞིན་ཡོད། བྲེལ་བ་ཆེན་པོ་མེད་པའི་སྐབས་ངས་ནང་མི་དང་རོགས་པ་དང་མཉམ་དུ་གླིང་ཁ་གཏོང་བར་འགྲོ་ཡི་ཡོད་པས་འཚོ་བ་སྐྱིད་པོ་འདུག་ཅེས་བཤད།
ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་ཉེར་ཡོད་པས་ཏང་གི་འགོ་ཁྲིད་འོག་ང་ཚོའི་འཚོ་བ་དེ་བས་ལེགས་པ་ཡོང་ངེས་ཡིན་པ་ངར་ཡིད་ཆེས་ཡོད་ལ། ང་ཚོའི་མེས་རྒྱལ་ཡང་དེ་བས་འབྱོར་ཕྱུག་དང་མཛེས་སྡུག་ལྡན་པར་འགྱུར་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅེས་བཤད།