དབུ་ཤོག>གསར་འགྱུར།
  • བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-18

    ཚེས་15ཉིན་བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། དུས་སྐབས་གོང་མའི་ཁ་གཏད་བོད་སྐྱོར་ལས་དོན་ཕྱོགས་སྡོམ། དུས་བབ་དབྱེ་ཞིབ་དང་བརྡར་གཅོད། དུས་མཚམས་རྗེས་མའི་ལས་དོན་ཞིབ་འཇུག་བཅས་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཚོགས་འདུར་ཕེབས་པ་དང་སྦྲགས་ཤིས་ཚིག་ཀྱང་གསུངས་པ་རེད།

    ཀྲོང་ཡན་གྱིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ། ལྷག་དོན་དུ་མཐའ་སྲུང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་གྱི་བྱེད་ཐབས་ཆེན་པོ་ལག་བསྟར་དོན་འཁྱོལ་བྱེད་པ་ཞིག་རེད་ཅེས་གསུངས། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་ཚབ་ཞུས་ཏེ་དུས་ཡུན་རིང་པོ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་མཁན་ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་དང་། ཁ་གཏད་ཞིང་ཆེན(གྲོང་ཁྱེར) ཀྲུང་དབྱང་ཁེ་ལས་བཅས་དང་སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་སྤུན་ཟླའི་ཞིང་ཆེན་བཞི་ལ་ཐུགས་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    ཀྲོང་ཡན་གྱིས་མིག་སྔར་བོད་སྔར་བཞིན་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་ཁུལ་གྱི་ས་ཁུལ་དབུལ་པོ་གཅིག་པུ་དེ་ཡིན་པས་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་ནས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་ལས་འགན་ཧ་ཅང་ལྕི་པོ་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་དང་ཁ་གཏད་རོགས་སྐྱོར་ཞིང་ཆེན(གྲོང་ཁྱེར)དང་ཀྲུང་དབྱང་ཁེ་ལས་ཀྱིས་སྔར་རྒྱུན་བཞིན་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱིས་དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་དམིགས་ཚད་ལས་འགན་མངོན་གསལ་དོད་པོས་བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་དང་བོད་སྐྱོར་གྱི་ཐོན་ཁུངས་བསྡུ་སྒྲིལ་གྱིས་དཔལ་འབྱོར་བོད་སྐྱོར་དང་། སློབ་གསོ་བོད་སྐྱོར། ལས་ཞུགས་བོད་སྐྱོར། ཚན་རྩལ་བོད་སྐྱོར། ཐོན་ལས་བོད་སྐྱོར། སློབ་གསོ་དང་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སོགས་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།

    ཀྲོང་ཡན་གྱིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་ལ་རོགས་སྐྱོར་ཐོབ་པའི་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་ངོས་འཛིན་ཡག་པོ་བྱས་ཏེ་རང་འགུལ་ངང་སྦྲེལ་མཐུད་དང་ལས་དོན་སྤེལ་ནས་གཞོགས་འདེགས་དམ་ཟབ་བྱས་ཏེ། རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་བོད་འཕེལ་རྒྱས་མྱུར་པོ་འགྲོ་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་པར་བྱས་ཏེ་བྱ་སྤྱོད་དངོས་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་མི་དམངས་བཅས་ལ་དྲིན་ལན་འཇལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཚོགས་འདུའི་ཐོག་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་བོད་ལྗོངས་གཞུང་ལས་ཁང་བཅས་ཀྱི་འབྲེལ་ཡོད་སི་དང་ཅུས་ཀྱི་འགན་འཁུར་བློ་མཐུན་གྱིས་གསུང་བཤད་གནང་བ་དང་བོད་དང་སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་བཞིའི་ཁ་གཏད་རོགས་སྐྱོར་སྡེ་ཚན་དང་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།