དབུ་ཤོག>གསར་འགྱུར།
  • མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-04

    2 བོད་ནི་གནའ་སྔ་མོ་ནས་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན།

    བོད་མི་རིགས་ནི་ཀྲུང་ཧྭ་མི་རིགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་འཛུགས་ཕྱིར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། སྔ་མོའི་རྡོ་ཆས་གསར་པའི་དུས་ཀྱི་ཆབ་མདོའི་ཁ་རུབ་གནའ་ཤུལ་དང་། ལྷ་སའི་བྱང་ཕྱོགས་ཆོས་གོང་གྲོང་ཚོའི་གནའ་ཤུལ་དང་དུས་གཅིག་པའི་འབྲི་ཆུ་དང་རྨ་ཆུ་རྒྱུག་ཁུལ་གྱི་རིག་གནས་གནའ་ཤུལ་དབར་རིག་གནས་ཀྱི་རྣམ་པའི་ཐོག་རྒྱ་ཆེ་ལ་གཏིང་ཟབ་པའི་འབྲེལ་བ་ཡོད། རྡོ་ཆས་གསར་པའི་དུས་རབས་ཀྱི་བོད་ཀྱི་གདོད་མའི་རིག་གནས་དང་ཀྲུང་ཡོན་རྒྱུད་ཀྱི་རིག་གནས་དབར་འབྲེལ་བ་དམ་ཟབ་ཡོད་པ་དེ་ནི་བོད་རིགས་དང་མེས་རྒྱལ་གྱི་སྤུན་ཟླའི་མི་རིགས་གཞན་དབར་ཁ་འབྲལ་ཐབས་མེད་པའི་གཅིག་གྱུར་གྱི་ཚོགས་པ་ཞིག་ཆགས་པའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་དེ་རེད། ཐང་རྒྱལ་རབས་ཀྱི་དུས་སུ། བོད་རྒྱ་དབར་གཉེན་ཚན་གྱི་འབྲེལ་བ་བཙུགས་ནས་སྲོང་བཙན་སྒམ་པོས་རྒྱ་བཟའ་ཀོང་ཇོ་ཁབ་ཏུ་བཞེས་པ་དེ་བོད་རྒྱ་མི་རིགས་མཐུན་སྒྲིལ་གྱི་ལོ་ངོ་སྟོང་གི་གཏམ་བཟང་དུ་གྱུར། ལྷ་སའི་གཙུག་ལག་ཁང་མདུན་གྱི“དབོན་ཞང་རྡོ་རིང”དེ་ནི་རྒྱ་བོད་འབྲེལ་བའི་ལོ་རྒྱུས་ཀྱི་དོན་དངོས་དཔང་རྟགས་ཤིག་ཡིན།

    སྤྱི་ལོ་1271ལོར་ཧོར་སེ་ཆེན་རྒྱལ་པོའི་སྲིད་དབང་གི་རྒྱལ་རབས་ཀྱི་མིང་བསྒྱུར་ནས་ཡོན་ཞེས་བཏགས། བོད་འདི་ཡོན་གོང་མས་ཐད་ཀར་བཅོས་སྐྱོང་བྱེད་འོག་གི་སྲིད་འཛིན་ཁུལ་དུ་གྱུར། ཡོན་རྒྱལ་རབས་ཀྱིས་བོད་ས་གནས་སུ་སྲིད་འཛིན་གྱི་ལས་ཁུངས་བཙུགས་པ་དང་། ལམ་ལུགས་སྣ་ཚོགས་ཁྱབ་སྤེལ་བཏང་བ། ས་མི་དུད་རྩིས་དང་། སྦྲག་ཚུགས། དམག་བསྡུ། ཁྲལ་བསྡུ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ་བོད་ས་གནས་ལ་བདག་གཉེར་བྱས་པ་རེད། སྤྱི་ལོ་1368ལོར། མིང་རྒྱལ་རབས་ཀྱིས་ཡོན་གོང་མའི་སྲིད་དབང་མགོ་རྟིང་བསླགས་རྗེས། མུ་མཐུད་བོད་ས་གནས་ལ་ཐད་ཀར་བདག་དབང་དོ་དམ་བཅོས་སྐྱོང་གི་དབང་ཆ་རྒྱུན་འཛིན་བྱས་ཡོད། སྐབས་དེ་དུས་ད་ལྟའི་བོད་ཀྱི་དབུས་རྒྱུད་དང་ཤར་རྒྱུད་དང་། ནུབ་རྒྱུད་མངའ་རིས་ས་ཁུལ་དུ་སྲིད་འཛིན་ལས་ཁུངས་བཙུགས་ཡོད་པ་དང་། སྲིད་འཛིན་ལས་ཁུངས་དེ་དག་གི་དཔོན་རིགས་ཁག་ཀྱང་མིང་གོང་མས་བསྐོ་གཞག་བསྩལ་གྱི་ཡོད། མིང་རྒྱལ་རབས་གོང་མས་བོད་ས་གནས་ཀྱི་ཆོས་ལུགས་ཀྱི་གཙོ་འཛིན་ལ“ཆོས་ཀྱི་རྒྱལ་པོ”དང“ཝང”། “གོང་མའི་དབུ་བླ”སོགས་ཀྱི་ཆོ་ལོ་གནང་ཡོད་པ་དང་། དེའི་རྒྱུན་འཛིན་པར་གོང་མའི་ཆོག་མཆན་ཐོབ་རྗེས་གཞི་ནས་ངོས་འཛིན་ཐོབ་ཀྱི་ཡོད། སྤྱི་ལོ་1587ལོར་མིང་རྒྱལ་རབས་གོང་མས་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པར“རྡོ་རྗེ་འཆང”གི་ཆོ་ལོ་གནང་བ་རེད།

    ཆིང་རྒྱལ་རབས་ཀྱིས་བོད་བཅོས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད། ཆིང་གོང་མས་སྤྱི་ལོ་1653ལོ་དང་སྤྱི་ལོ་1713ལོར་ཁག་སོ་སོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་པཎ་ཆེན་སྐུ་ཕྲེང་ལྔ་པ་ཞེས་པའི་ཆོ་ལོ་གནང་། དེ་ནས་བཟུང་དངོས་སུ་ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏེ་ནིའི་མཚན་གནས་དང་། ཁོང་གཉིས་ཀྱི་བོད་ཀྱི་ཆབ་སྲིད་དང་ཆོས་ལུགས་ཀྱི་གནས་བབ་ཀྱང་གཏན་འཁེལ་བྱུང་བ་རེད། སྤྱི་ལོ་1727ལོར། བོད་སྡོད་ཨམ་བན་བཙུགས་ནས་ཀྲུང་དབྱང་གི་ཚབ་ཞུས་ཏེ་བོད་ས་གནས་ལ་སྲིད་འཛིན་བདག་གཉེར་བྱས་ནས་བོད་ས་གནས་ཀྱི་སྲིད་འཛིན་ལས་ཁུངས་ཁག་གི་འགན་ནུས་འཐུས་སྒོ་ཚང་དུ་བཏང་ཡོད། སྤྱི་ལོ་1793ལོར། 《གོང་མའི་བཀའ་འབྲེལ་ལུགས་སྲོལ་གསར་འཛུགས་ཀྱི་དོན་ཚན་ཉེར་དགུ》ཞེས་པ་འགྲེམ་བསྒྲགས་བྱས་པ་དང་། དེའི་ནང་གཙོ་བོ་སྤྲུལ་སྐུ་ཆེན་པོ་སྟེ་ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏེ་ནི་སོགས་ཀྱི་ཡང་སྲིད་བཙལ་འཚོལ་དང་ངོས་འཛིན་བྱེད་དབང་དང་བོད་ཀྱི་ཕྱི་ཕྱོགས་དང་འབྲེལ་བའི་བྱ་བ་ཐ་དག་བོད་སྡོད་ཨམ་བན་ལ་ཐག་གཅོད་བྱེད་དབང་ཡོད་པ་སོགས་དོན་ཚན་ཁག་29ཡོད་པ་རེད།

    སུན་ཀྲུང་ཧྲན་གྱིས་ཀྲུང་ཧྭ་མིན་གོ་དབུ་བརྙེས་པའི་སྤྱི་བསྒྲགས་ནང“རྒྱལ་ཁབ་ཀྱི་རྩ་བ་མི་དམངས་ལ་ཐུག་ཡོད། རྒྱ་རིགས་དང་། མན་ཇུ་རིགས། སོག་རིགས། ཧུད་རིགས། བོད་རིགས་བཅས་ལས་རྒྱལ་ཁབ་གཅིག་གྲུབ་པ་དེ་ཡང་རྒྱ་རིགས་དང་། མན་ཇུ་རིགས། སོག་རིགས། ཧུད་རིགས། བོད་རིགས་བཅས་མི་རིགས་ཁག་རིགས་གཅིག་ལྟ་བུ་ཡིན་པ་དེར་མི་རིགས་གཅིག་གྱུར་ཟེར”ཞེས་ཁྱབ་བསྒྲགས་གནང་ཡོད། 《སྐབས་འཕྲལ་བསྲུང་བྱ》ཡི་ནང་ཀྲུང་གོའི་མངའ་ཁོངས་ནང་སོག་པོ་དང་བོད་ལྗོངས། མཚོ་སྔོན། དེ་བཞིན་ཞིང་ཆེན་22ཚུད་ཡོད་པའི་གཏན་འབེབས་ཁ་གསལ་བྱས་ཡོད། དེ་རྗེས་ཡང་སོག་པོ་དང་བོད་སོགས་ལ་བདག་གཉེར་བྱེད་མཁན་གྱི་དོན་གཅོད་ལས་ཁུངས“བོད་སོག་ལས་དོན་ཅུད”བཙུགས། ཕྱིས་སུ་“བོད་སོག་ཁང་”དང་“བོད་སོག་ཨུ་ཡོན་ལྷན་ཁང”ལ་མིང་བསྒྱུར་བ་དང་བོད་དུ་བོད་སོག་ཨུ་ཡོན་ལྷན་ཁང་བོད་སྡོད་དོན་གཅོད་ཁང་བཙུགས་ནས་བོད་ས་གནས་ལ་ཐད་ཀར་བདག་དབང་བདག་གཉེར་བྱས་པས་ཀྲུང་དབྱང་སྲིད་གཞུང་གི་བོད་ཀྱི་བདག་དབང་སྲུང་སྐྱོང་ཏན་ཏིག་ཐུབ་ཡོད། 1951ལོའི་ཟླ་5 པའི་ཚེས་23ཉིན། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་དེ་སྔའི་བོད་ས་གནས་སྲིད་གཞུང་གིས་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དེས་བོད་ཞི་བས་བཅིངས་འགྲོལ་གཏོང་ཐུབ་པ་དང་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་ཡོངས་སུ་ཐར་ཐུབ་པ། བོད་ལྗོངས་གོང་འཕེལ་ཡར་ཐོན་གྱི་འགྲོ་ལམ་གསར་རྐྱང་བཏོད་ཐུབ་པ་བཅས་བྱུང་ཡོད།

    (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།